དགེ་རྒན་དུས་ཆེན་ལ་མཉམ་བྲིས"ལམ་སྟོན་གྱི་སྒྲོན་མེ།

美友4727452

ལམ་སྟོན་གྱི་སྒྲོན་མེ། དྭངས་གཙང་བློ་གསར་གཞོན་ནུའི་ཤོག་དཀར་ངོགས། ། ཤེས་རིག་སྣ་མང་ཚོན་གྱིས་བསྒྱུར་མཁས་ཤིང་། ། ཡ་རབས་ཀུན་སྤྱོད་བཟང་པོའི་སྣེ་ཁྲིད་པ། ། ཕན་བདེའི་ལམ་སྟོན་དགེ་རྒན་རྟག་ཏུ་གུས། ། ______________________________ ལྡོང་སྙུག་རྩེན། རེ་བ་དང་ཡིད་སྨོན་དུ་སིམ་པའི་སློབ་བུ་འདི་དག སྨག་ནག་གི་པང་ནས་མཆོང་ལྡང་བྱེད་དུས་ ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ནི་དགེ་རྒན་རྐྱང་པ་ཡིན་ ལྷག་ཏུ་ བོད་ཚུགས་མ་ཡལ་བའི་དགེ་རྒན་ཁོ་ནར་དབང་པའི་རྒྱལ་ཁ་ ཡིན། ______________________________ཀར་སྦལ་མིག རྒྱལ་ཕམ་འགྱུར་ལྡོག་ལྷས་མའི་འཇིག་རྟེན་གྱི།། ཤེས་བྱ་རིག་པའི་གནས་ལ་དབང་འབྱོར་པའི།། ཤེས་རིག་ནོར་གྱིས་གཏམས་པའི་དགེ་རྒན་ནི།། ཡིད་ཀྱི་རྨོངས་མུན་སེལ་བའི་སྒྲོན་མེ་ཡིན།། ______________________________གཙང་སྨྱུག རིག་པའི་གནས་མཁས་མཁྱེན་དཔྱོད་མཁའ་ལྟར་ཡངས༎ འཛུམ་ཞལ་སྒོར་མོ་སློབ་བུ་ཡོངས་ལ་འཁོར༎ ལེགས་པའི་ལམ་སྟོན་དགེ་རྒན་དམ་པ་ཁྱེད༎ མུན་གླིང་གསལ་བའི་སྒྲོན་མེ་ཅིས་མི་མཚུངས༎ ______________________________རྩམ་ཟན་པས། མུན་སེལ་ཤེས་རིག་གླིང་གི་འགྲན་ཁ་ན།། མི་ཤེས་སྒོ་མོ་འབྱེད་པའི་ལམ་བཟང་ཞིག། རིན་ཐང་གཞལ་དུ་མེད་པའི་བྱམས་སྐྱོང་སྟེ།། མི་ཚེ་འདི་ཡི་སྙིང་པོ་ཁྱེད་ཉིད་ཡིན།། _________________________________དྷཱིཿསྲས། རྨོངས་པའི་གཉིད་ལས་དཀྲོགས་པའི་ཅོང་བརྡ།། མ་རིག་མུན་པ་སེལ་བའི་སྒྲོན་མེ།། རྡོག་ལམ་འོད་དུ་གསལ་བའི་ཉི་མ།། དགེ་རྒན་དྲིན་ལ་གཞལ་མཐའ་མི་མངོན།། ___________________________རླུང་རྟ་ཡར་འགྲོ། དགེ༵་བའི་ཆར་གྱིས་བརླན་པའི་མེ་ཏོག་རྩི། ། རྒ༵ན་གཞོན་བར་མའི་སྦྲང་བུ་ལེན་དུ་འཇུག ། བཀ༵འ་སློབ་གཡང་གི་འབྲི་མོའི་འོ་མའི་བཅུད། ། དྲི༵ན་གྱིས་སྐྱོང་བའི་ཚུལ་བཞིན་རབ་ལྡུག་པའི། ། ཆེ༵་མཆོག་དམ་པའི་སྐུ་ཚེ་རི་ལས་བརྟན། ། ___________________________གཡང་དཀར་སྐྱབས། མ་འོངས་ལམ་སྟོན་འོད་དཀར་སྒྲོན་མེ་དང་།། རྨོངས་མུན་གཉིད་ལས་དཀྲོག་མཁན་ཅོང་བརྡ་སྟེ། ས་སྟེང་འགྲོ་བའི་ལམ་སྟོན་དགེ་རྒན་ཚོར།། ལྷད་མེད་སྙིང་ནས་བཀྲ་ཤིས་སྨོན་མདུན་ཞུ།། ____________________________ཁམས་འབྲི་སྲས། ལམ་སྟོན་སྒྲོན་མེ་ཡི་གཟི་འོད་ཁྲོད་ན།། བཅུ་ཕྲག་རིག་གཞུང་ལ་ཧུབ་ཀྱིས་འཐུང་བའི།། གཟུར་གནས་བརྩོན་ལྡན་གྱི་སློབ་དཔོན་དམ་པ།། དད་གསུམ་མེ་ཏོག་གི་མཆོད་འཕྲེང་འབུལ་ལོ།། ____________________________གངས་ཅན་པ།