__ སློབ་གྲྭ་ཞིག་དང་སློབ་བུ་སྐོར་གཅིག་གི་ཆེད་དུ་གཅེས་སྲོག་ཤོར་བའི་གྲོགས་དམ་པ་ལྡོང་འཇམ་དཔལ་བསམ་གཏན་ལགས་ལ་མྱ་ངན་ཞུ།

མགོ་ལོག་པ་གངས་ཉིས།

སྐྱེ་བར་སྔ་གཞུག་ཡོད་ཀྱང་འཆི་བར་སྔ་གཞུག་མེད"ཟེར་བ་ནི་ཅི་འདྲའི་བདེན། ཁ་སང་གི་གཏམ་ངན་གློ་བུར་བས་རེ་ཞིག་ང་ཧད་པར་བྱས་སོང་ལ་དེ་མ་ཐག་ངས་གཏམ་དེ་མི་བདེན་པའི་སྨོན་ལམ་ཡང་ཡང་བཏབ་མོད་སྨོན་ལམ་ཡོད་ཚད་འགྲུབ་འགྲོ་བ་ཞིག་ཡིན་ན་ང་ཚོས་དེ་རིང་གི་ན་ཟུགས་ཡོད་ཚད་སྙིང་ལ་བཅིངས་ནས་སྡོད་དགོས་ཡེ་ནས་མེད་ཨང་། ཞིབ་མོར་རྩད་བཅད་དུས་ཁྱོད་རང་སློབ་གྲྭའི་བསླབ་དེབ་ཀྱི་ཕྱིར་ཏུ་མགོ་ལོག་ཁུལ་ཐོག་ལ་འགྲོ་བའི་ལམ་བར་རླངས་འཁོར་བསྒྱུར་ནས་རྐྱེན་འདས་སུ་སོང་བ་ཡིན་འདུག ཅི་འདྲའི་གློ་བུར་བ་ཞིག དེ་འདྲའི་ཕངས་སེམས་འཆོར་དགོས་པ་ཞིག འཆི་བར་གཡོལ་ནུས་པའི་མི་གཅིག་ཀྱང་མེད་མོད་འཆི་བ་གང་དེ་རང་ལས་གཞན་དོན་ནམ་སྤྱི་དོན་ཞིག་གི་ཆེད་དུ་ལེན་མཁན་གྱི་མི་རྣམས་ལ་གཞན་དང་མ་འདྲ་བའི་ལྟ་སྟངས་དང་བརྩི་མཐོང་ཡོད་ན་ང་ཚོའི་ཉེ་འཁོར་འདི་རུ་ཡང་རླབས་ཆེན་གྱི་སྐྱེས་བུ་རེ་གཉིས་བྱོན་ཆོག་ཆོག་རེད་མོད་ང་ཚོར "མི་ཆེན་ཇི་ལྟར་མི་ཆེན་དུ་གྱུར"བའི་ཁོར་ཡུག་ཡེ་ནས་མེད་པ་སྔ་མོ་ནས་ཤེས་ཡོད། ང་རང་བཙོན་ནས་ཕྱིར་འོང་བའི་སྐབས་ཤིག་ཁྱོད་ཀྱིས "རང་གི་སེམས་འདུན་དང་འཚམ་ལ་རེ་སྨོན་དང་མཐུན་པའི་ལས་ཀ་ཤིག་ཕ་ཡུལ་འདི་ནས་ལས་ཐུབ་པར་དཀའ"རབ་བཤད། ཁག་མི་འདུག་སྟེ་སྔོན་ཆད་ཁོ་བོར་ཁུ་བོ་ཞིག་གིས "ཁྱོད་རང་རླབས་ཆེན་དུ་འགྱུར་དགོས་ཕྱིན་ཕྱིར་ཕ་ཡུལ་ལ་ལོག་རུང་བ་མིན"ཞེས་པ་དེར་བདེན་པའི་གནས་ལུགས་ཏན་ཏན་འདུག་པ་མ་ཚོར་བ་མིན་ན་ཡང་ཞེན་ཆགས་ཞེས་པའི་མི་མངོན་པའི་སྐུད་པ་གང་དེས་ང་ནི་ནམ་ཡང་ཕ་ཡུལ་དུ་བཏགས་ནས་ཡོད་པ་དང་ཀུན་ནས་མཚུངས་ཨང་།

ཕ་ཡུལ་དང་ཕུ་ནུས་ང་ཚོའི་གདོང་ལ་ཐལ་བ་འཕོས་ན་ཡང་། ཕ་ཡུལ་དང་ཕུ་ནུས་ང་ཚོའི་རྣ་བར་ཁྲོ་ཆུ་བླུག་ན་ཡང་། ཕ་ཡུལ་དང་ཕུ་ནུས་ང་ཚོའི་སྟེང་ནས་མནན་ཏེ་ཞོལ་ནས་འདྲུད་ན་ཡང་། ཉེ་རིང་ཆགས་སྡང་གི་ཚོར་བ་རྣོན་པོ་གང་དེ་གཏན་བྲལ་མ་བྱས་ཕྱིན་ང་ཚོར་ཁོ་ཚོ་ལས་ལྷག་པའི་ཞེ་ཆགས་ས་དང་ཡིད་དུང་ས་ཞིག་གཞར་ཡང་ཡོད་པ་མིན་ཏེ་ཁོ་པ་ཚོའི་གནས་སྟངས་ནི་གཞན་ཡུལ་དང་བསྡུར་ཏེ་བལྟས་ན་བར་ཐག་དེ་ལས་རིང་ཞིང་ཉེན་ཚབས་དེ་ལས་ཆེ་བས།

ང་ལ་དཔེ་ཀློག་གི་རམ་འདེགས་གནང་བའི་སློབ་བུ་དག (པར་དང་ཁ་བྱང་ཁོང་གི་སྐད་ཕྲན་བར་སྟོང་ལས་བཤུ་འགོད་བྱས།)

ཁྱོད་རང་ནུབ་བྱང་མི་རིགས་སློབ་ཆེན་ནས་མཐར་ཕྱིན་ཉེའི་སྐབས་ཤིག་སྡེ་དགེའི་ཕྱོགས་ཤིག་ལ་དགེ་རྒན་བྱེད་དུ་འགྲོ་དགོས་རབས་དང་གནས་དེར་བོད་ཡིག་གི་ལས་ཀ་ཞིག་ལས་རྒྱུ་ནི་ཕ་ཡུལ་འདི་དང་བསྡུར་ན་གལ་ཆེ་ཚུལ་ལབ་མྱོང་ལ་ངས་ཀྱང་ཁྱོད་ལ་རྒྱབ་སྐྱོར་གྱི་ཚུལ་དུ་གཞན་ལ་ཕན་ཞིག་ཐོགས་ན་རང་གི་ཕ་ཡུལ་ཡིན་མིན་ལ་ལྟོས་པ་དེ་ཙམ་མེད་ཅེས་བཤད་མོད། དེ་ནི་ཉིད་ཀྱི་སྐབས་དེའི་སེམས་འདུན་དང་མཐུན་ཐབས་ཙམ་ལས་ང་མཚོན་ན་ཁ་སེམས་མཐུན་པའི་སྐད་ཆ་ཞིག་ཏུ་ལོག་རྒྱུར་ཤིན་ཏུ་ནས་ཀྱང་དཀའ།

སྡེ་དགེ་རྫོང་ཨ་ཕྱུག་གྲོང་བརྡལ་དུ་ཡོད་པའི་སྒེར་བཙུགས་སློབ་གྲྭ་གང་དེར་དགེ་རྒན་བྱེད་དུ་འགྲོ་རྒྱུར་ཡུལ་མི་དག་གིས་དེ་འདྲའི་འཐད་མོས་མ་བྱས་པར་ཐོས་ཀྱང་ཁྱོད་ཀྱིས་རང་ཐག་རང་བཅད་ཀྱིས་སོང་བ་གང་ནི་ཁྱོད་ཀྱི་སྙིང་སྟོབས་ཡིན་ལ་ང་ཡང་དེ་འདྲའི་སྙིང་སྟོབས་ལ་དགའ་ཞིང་ང་ཚོར་དེ་འདྲའི་སྙིང་སྟོབས་ཤིན་ཏུ་ནས་ཀྱང་དགོས་གལ་ཆེ་བར་སྙམ་གྱིན་ཡོད། ད་དུང་དྲ་ལམ་ནས་འུ་གཉིས་ཀྱི་ལྟ་ཚུལ་མི་མཐུན་ས་ནས་རྩོད་པའང་རེ་གཉིས་བྱས་མྱོང་ལ་རྩོད་པ་གང་དེས་མཚོན་པ་ནི་འུ་གཉིས་ཀྱི་མཛའ་བརྩེ་རྣམ་དག་ཡིན།

གང་ལྟར་ཁྱོད་རང་འདི་ལྟའི་སྐྱ་ཟད་སྔོ་རྡུག་གི་མི་རིགས་གང་དེའི་ན་ཟུག་གང་མང་གི་ཆེད་དུ་བཞུད་སོང་བས་ཁྱོད་རང་གོ་མེད་ཚོར་མེད་དུ་མི་བསྐྱུར་བ་ང་ཚོའི་འོས་འགན་ཅིས་ཀྱང་ཡིན་ངེས་པར་བསམ་སྟེ་སེམས་ཀྱི་ན་ཟུག་དང་བཅས་གླེང་ཁུལ་བྱས་པ་གང་དེས་དེང་ཕྱིན་ཕ་ཡུལ་འདིར་འདི་ལྟའི་རིགས་ཞེན་ཅན་དང་། སྤོབས་པ་ཅན། ལ་རྒྱ་ཅན། ལྷག་བསམ་ཅན་སོགས་ཀྱི་སྐྱེས་བུ་མང་ཙམ་འབྱུང་ཐུབ་པའི་སྨོན་ལམ་སེམས་ཀྱིས་འདེབས་ཤིང་། རེ་བ་སྙིང་ནས་བརྒྱབ་པོ།།

༢༠༡༧ ༨ ༡༦ གྱི་ཉིན་གྱི་མཚན་མོར་གྲང་ཤུར་ཤུར་གྱི་སེམས་པས་བྲིས་ཤིང་གླེང་།

ཕ་ཡུལ་སྐྱིད་པའི་ལུང་བ། ང་ཁྱོད་ཀྱི་པང་ནས་གཏན་དུ་གཉིད་ན་འདོད།(པར་དང་ཁ་བྱང་ཁོའི་བར་སྟོང་ལས་བཤུ་འགོད་བྱས)

འདི་ནི་ཉིན་ཤས་སྔོན་ང་ཡུལ་དུ་སོང་སྐབས་བླངས་པ་ཡིན་ལ། ཁྱོད་རང་གཏན་དུ་གཉིད་འདོད་སའི་ཕ་ཡུལ་གྱི་རུམ་ཁ་དྲོན་མོ་དེ་རེད།