ཟླ་བརྒྱད་པའི་ཕ་ཡུལ་དང་རང་ཉིད།

མེ་སྲས།

ཟླ་བརྒྱད་པར

ངའི་རྨི་ལམ་གྱི་བྱེའུ་ཆུང་འཕུར་ཟིན།

བྱེའུ་ཆུང་འཕུར་ཤུལ་ན

དུད་ནག་གི་རྔམ་ཁ་ཤིན་དུ་རྒོད།

ས་རྡུལ་གྱིས་པདྨའི་ཁ་དོག་གཡོགས་ཤིང་།

ཆོས་ཉིད་ཀྱི་རླུང་བུ་ལྡང་མཚམས་བཞག

ཟླ་བརྒྱད་པར

ངའི་ཕ་ཡུལ་གྱི་འཚོ་བ་རབ་ཏུ་འཁྱག

བསམ་གཞིག་གི་རི་མོ་བྲང་ཁ་རུ་བསྙེས་ཏེ་གཉིད་ལ་ཡུར།

འཇིག་རྟེན་ཁྲ་ཁྲ འཁོར་བ་སྡུག་བསྔལ།

ཡོད་ཚད་སྟོང་བ་ཉིད་དུ་སྒོམ་པའི་ཟོལ་གྱིས།

སད་ཐབས་མི་འདུག

ཟླ་བརྒྱད་པར

ངའི་ད་དུང་ཁ་པར་འཆར་ངོས་ཀྱི་ལྷ་མོ་དེ་དྲན།

དཔེ་ཆ་བོར་བའི་ཉིན་ཞག་དུ་མར།

འཆི་གསོན་གང་གི་འདུ་ཤེས་དབེན།

རང་ལམ་རང་གིས་འཚོལ་བའི་སྐད་ཆ་རྫིག་པོ་ཞིག

རྒས་པོ་ཚོའི་འཕྲེང་བར་ན་བར་མ་ཆད་པར་བགྲངས།

ཀྭ་ཡེ ང་ལ་གཤོགས་པ་ཞིག་ཡོད་རྒྱུ་ན།

ཟླ་བརྒྱད་པའི་ལང་ཚོ་ཆུད་ཟོས་སུ་གཏོང་མི་སྲིད།