ཕ་སྐད།

才让东智

༡

ཕ་སྐད་ནི་ཕ་མེས་ཀྱིས་ངེད་ཅག་ལ་གནང་བའི་ལེགས་སྐྱེས་ཀྱི་ཐོག་མ་ཡིན་པ་དང་། ངེད་ཅག་གི་དྲན་པའི་ཁྲོད་དུ་ལུས་པའི་མཐའ་མཇུག་གི་སྙན་དབྱངས་ཡིན།

གངས་དཀར་ཏི་སིའི་གཡས་གཡོན། ཧི་མ་ལ་ཡའི་ཕྱི་ནང་། རྨ་རྒྱལ་སྤོམ་རའི་ཉིན་སྲིབ། ཁ་བ་དཀར་པོའི་ལྷོ་བྱང་། ཕ་སྐད་ནི་བརྗིད་ཆག་གངས་རི་སྟོང་གི་བླ་སྲོག་ཡིན།

སྟོད་ཀྱི་མངའ་རིས་སྐོར་གསུམ། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག ཕ་སྐད་ནི་ཁ་བ་ཅན་གྱི་སྙིང་གི་འཕར་ལྡིང་དང་། དབུགས་ཀྱི་འབྱིན་རྔུབ་ཡིན།

༢

༢

འཇིག་རྟེན་ཆུང་ནས་ཆུང་དུ་འགྲོ་དུས། བོད་ཁམས་ཆེ་ནས་ཆེ་རུ་གྱུར་ཅིང་། འཛམ་གླིང་གཞི་གཅིག་ཏུ་འདྲེས་པའི་དེ་རིང་། བསོད་ནམས་ཞིང་གི་མི་རྣམས་ཀྱིས་ཕ་སྐད་བསྐྱུར་ཞིང་ཕྱོགས་བཞིར་འཐོར་གྱིན་འདུག

ཆུ་ཆེན་གྱི་རབ་ཁ་རུ། ངེད་ཅག་གི་ཕ་སྐད་ནི་ལུས་ཟུངས་ཟད་པའི་རྒད་པོ་བཞིན། གཅིག་པུས་ཕ་རོལ་སྒྲོལ་བྱེད་ཀྱི་ཀོ་གྲུ་སྲུང་ཞིང་གདའ།

གྲོང་ཁྱེར་གྱི་གྲུ་ཟུར་ན། ངེད་ཅག་གི་ཕ་སྐད་ནི་འགོས་ནད་འཕོག་པའི་བུ་མོ་ཉམ་ཐག་ཅིག་ལྟར། ཀུན་གྱིས་འཛེམ་ཞིང་། དག་གཙང་དྲོད་འཇམ་གྱི་གནས་ཚང་ཞིག་མ་རྙེད།

༣

༣

གནའ་མི་བོད་ཀྱི་གཏམ་དཔེ་ལ། ཕ་ཡུལ་བརྗེད་ཀྱང་ཕ་སྐད་མི་བརྗེད་ཟེར། ཚེ་གང་ཕ་སྐད་བཤད་པའི་ཨ་མེས་ཨ་ཕྱི་ཡིས་གླུ་བུར་དུ་སྨྲ་བ་བཅད་དེ། ཅི་ཡང་བརྗོད་མ་བྱུང་། སྐད་ཆ་བཤད་རན་ལ་སོན་པའི་ཚ་བོ་ཚ་མོ་ནི། མིག་རྒྱང་ཅན་དུ་རློམ་པའི་ཕ་མས་ཕ་སྐད་སློབ་པའི་དབང་ཆ་ཕྲོགས།

ཨེ་མ། མ་ཎི་གླུ་རུ་ལེན་པའི་དུས་འདི་ལ། ཕ་སྐད་ཀྱི་བཀྲག་མདངས་སུ་ཡིས་བསྒྲིབས། རྩ་བ་དོར་ནས་ཡལ་གར་འཇུས་པའི་དེང་གི་དུས། བདག་གི་ཉམ་ཆུང་ཕ་སྐད་སྙིང་རེ་རྗེ།

ཁ་སང་ཉི་མ་བཞུད་ཤུལ་དུ། དོ་ནུང་ཟླ་འོད་གྱེས་ཤུལ་དུ། ལོ་རེ་ནས་ལོ་རེར་དབུལ་ཞིང་ཕོངས་པར་འགྱུར་བཞིན་པའི་ཕ་སྐད་འདི་ཉིད། སང་ཞོགས་ད་དུང་བདག་ལ་དབང་སྲིད་དམ།

༤

༤

ལྷོ་ཁའི་ཡར་ཀླུང་ནས་གངས་ཅན་ལྗོངས་ཆེན།

ཕ་སྐད་ནི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའི་བྱམས་བརྩེ་དང་། མ་བྲག་སྲིན་མོའི་འཛུམ་མདངས་ཡིན།

ཕ་སྐད་ནི། བྱིའུ་ཆུང་ཅོ་གས་རྩྭ་ཐང་ལ་ཕུལ་བའི་སྙན་ཚིག་དང་། ཁུ་བྱུག་སྔོན་མོས་ཞིང་གྲོང་ལ་བླངས་པའི་གླུ་དབྱངས། ཞོགས་པའི་དུ་བས་སྦྲ་ནག་ཁང་ཁྱིམ་དག་ལ་འཁྲབ་པའི་སྐོར་བྲོ་ཡིན།

ཕ་སྐད་ནི། རྟ་ནོར་ལུག་གསུམ་གྱི་དགོད་སྒྲ་དང་། གྲོ་ནས་སྲན་གསུམ་གྱི་ལང་ཚོ་ཡིན།

ཡུམ་བུ་བླ་སྒང་ནས་རྩེ་པོ་ཏ་ལ།

ཕ་སྐད་ནི་སྒྲུང་ལྡེའུ་བོན་གསུམ་གྱི་བསིལ་རླུང་དང་། དབྱངས་གསལ་སོ་བཞི་ཡི་གཤོག་རླབས་ཡིན།

ཕ་སྐད་ནི། བཅུ་ཕྲག་རིག་པའི་གནས་ཀྱི་གད་རྒྱངས་དང་། འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་རབས་ཀྱི་གཟི་བྱིན། སྲིད་པ་ཆགས་གླུའི་འགྱུར་ཁུགས་ཀྱི་བཞུར་རྒྱུན་ཡིན།

ཕ་སྐད་ནི། གངས་ཅན་འགྲོ་བས་ཕྱི་ལ་གཟིགས་པའི་རྒྱང་ཤེལ་དང་། མ་འོངས་དར་རྒྱས་འབྱུང་བའི་བློ་གྲོས་ཀྱི་གཏེར་མཛོད་ཡིན།

༥

ངེད་ཅག་ནི་ཕ་སྐད་ཀྱི་བུ་ཕྲུག་ཡིན། ངེད་ཅག་གི་ཕ་མ་ནི་བོད་ཀྱི་སྐད་དང་ཡི་གེ་ཡིན།

ཕ་སྐད་ནི་ངེད་ཅག་བྱེས་སུ་འགྲིམ་དུས་ཀྱི་གནས་མལ་དྲོན་པོ་དང་། ངེད་ཅག་ལ་མུན་པའི་ཁྲོད་དུ་ལམ་བཟང་སྟོན་པའི་སྒྲོན་མེ་ཡིན།

ཕ་སྐད་ནི་ངེད་ཅག་གི་གྲང་བའི་དུས་ཀྱི་མེ་དཔུང་དང་། ཚ་བའི་དུས་ཀྱི་སྦྲང་ཆར། བཀྲེས་པའི་དུས་ཀྱི་མར་རྩམ། སྐོམ་པའི་དུས་ཀྱི་འོ་ཞོ་ཡིན།

ཕ་སྐད། ངེད་ཅག་སེམས་པ་སྡུག་དུས་ཀྱི་སྐྱོ་རོགས།

ཕ་སྐད། ངེད་ཅག་ལ་མོ་རྒྱག་དུས་ཀྱི་འཁར་བ།

༦

༦

ལྷ་ཡུལ་དུ་ངེད་ཅག་གི་ཕ་སྐད་ཡོད་དམ།

དམྱལ་ཁམས་སུ་ངེད་ཅག་གི་ཕ་སྐད་ཡོད་དམ།

ཡི་དྭགས་དང་ལྷ་མིན་གྱི་གནས་སུ་ངེད་ཅག་གི་ཕ་སྐད་ཡོད་དམ།

མི་ཡི་ཡུལ་འདིར། ངེད་ཅག་གི་ཕ་སྐད་ཀྱིས་འཕོ་ལྷུང་གི་སྡུག་བསྔལ་མྱོང་གིན་འདུག ཚ་གྲང་དང་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་གིན་འདུག

གངས་རིའི་ལྗོངས་འདིར། ངེད་ཅག་གི་ཕ་སྐད་ཀྱིས་ཉམས་སྨད་ཀྱི་སྡུག་བསྔལ་མྱོང་གིན་འདུག

ཕ་སྐད་ནི་དུད་འགྲོ་ཞིག་ཡིན་ན་དགའ་བ་ལ། ཉིན་མཚན་ཀུན་ཏུ་སྐྱེ་འགྲོ་ཡོངས་ཀྱིས་བཀོལ་ཞིང་སྤྱོད་པའི་སྡུག་བསྔལ་མྱང་དགོས་ན་སྐྱིད་པ་ལ་ཨང་།

༧

༧

གནས་སའི་བར་དུ་སྤྲིན་དཀར་དང་གླག་རྒོད་མེད་ཀྱང་ཆོག་མོད། ཉི་ཟླ་གཟའ་སྐར་མེད་དུ་མི་རུང་།

མི་རིགས་ཤིག་ལ་འཛུམ་མདངས་དང་གླུ་སྐད་མེད་ཀྱང་ཆོག་མོད། ལོ་རྒྱུས་དང་སྲོལ་རྒྱུན་མེད་དུ་མི་རུང་།

མགོ་ནག་བོད་མིར་སློག་པ་རྩམ་པ་མེད་ཀྱང་ཆོག་མོད། རང་གི་ཕ་མེས་ཀྱིས་བྱིན་པའི་སྐད་དང་ཡི་གེ་འདོར་ག་ལ་རུང་།

ཕ་སྐད་མེད་པའི་ཉིན་མོར། ངེད་ཅག་ནི་རང་གི་སྒོ་མདུན་དུ་གཞན་ལ་ལྟོ་གོས་སློང་མཁན་གྱི་སྤྲང་པོ་ཞིག་དང་འདྲ་སྟེ། ཐོབ་འོང་བ་ནི་ངོ་ཚ་དང་འཕྱ་སྨོད་ཡིན་ལ། འཆོར་སྲིད་པ་ནི་འཇིག་རྟེན་གྱི་ལ་རྒྱ་རེད།

༨

༨

ཆོས་རྒྱལ་མེས་དབོན། ཕ་སྐད་ནི་སུམ་གཉིས་ས་ཡི་དཀྱིལ་འཁོར་ན་གཡོ་བའི་མཁས་མཛངས་ཀྱི་བ་དན་ཡིན།

རྒྱ་བོད་ལོ་པཎ། ཕ་སྐད་ནི་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་རྣམ་དག་གསུང་དབྱངས་ཡིན།

གངས་ལྗོངས་མཁས་དབང་རིམ་བྱོན། ཕ་སྐད་ནི་གཞུང་ལུགས་རབ་འབྱམས་སྨྲ་བའི་དབྱངས་རྟ་སྙན་མོ་དང་། འཆད་རྩོད་རྩོམ་པའི་རིག་པའི་གད་རྒྱངས་ཡིན།

༩

༩

ཨ་མདོ་བ། དབུས་གཙང་བ། ཁམས་པ། ཀུན་གྱིས་ཕ་སྐད་གཅིག་པ་སྨྲ།

མོན་པ། ལྷོ་པ། སྟེང་པ། མོ་གཅོ་བ། ཀུན་གྱིས་ཕ་སྐད་གཅིག་པ་སྨྲ།

འབྲུག་པ། འབྲས་ལྗོངས། ལ་དྭགས། རྟ་མང་། ཤར་བ། བྷོ་ཊ་བ། ཀུན་གྱིས་ཕ་སྐད་གཅིག་པ་སྨྲ།

འཇང་ཡུལ་གྱི་བོད་དང་བྷོད་མི་ཡང་གདོང་དམར་བོད་ཀྱི་རྒྱུད་པ་ཡིན།

ཕ་སྐད་ནི་རང་རིགས་སྤུན་ཟླའི་བློ་སེམས་གཅིག་ཏུ་སྦྲེལ་བྱེད་ཀྱི་གསེར་ཟམ་དང་། ཕྱོགས་བཞིའི་ཤེས་རིག་ནང་དུ་བསུ་བའི་དྲི་མེད་ལྷ་དར་ཡིན།

ཕ་སྐད་ནི་ཨ་ཕའི་དཀར་ཡོལ་དུ་འཁྱིལ་བའི་ནས་ཆང་སྔོན་མོ་དང་། ཨ་མའི་ཕྱག་སོར་ན་རྒྱུ་བའི་ཕྲེང་བའི་རང་སྒྲ་ཡིན།

ཕ་སྐད་ནི་གངས་ཅན་སྟག་ཤར་ཀྲོང་ངེར་འགྱིང་བྱེད་ཀྱི་སྒལ་ཚིགས་དང་། བསིལ་ལྗོངས་སྨན་ཆུང་མདུན་དུ་སྐྱོད་བྱེད་ཀྱི་ཞབས་ཟུང་ཡིན།

ཕ་སྐད་ནི་བོད་མི་ཡོངས་ཀྱི་རླུང་རྟའི་དར་ཆེན་ཡིན།

༡༠

༡༠

དུས་དེ་རིང་ནས་བཟུང་། གནས་གང་དང་དུས་ནམ་ཡིན་རུང་། ཕྲུ་གུ་ཨ་མའི་ནུ་ཞོར་དགའ་བ་ཇི་བཞིན་ང་ཚོ་རང་གི་ཕ་སྐད་ལ་དུངས།

དུས་དེ་རིང་ནས་བཟུང་། ལ་རྒྱ་ཅན་གྱི་སྐྱེ་བོ་ཞིག་གི་ཚུལ་གྱིས། སྲིད་པའི་དཀོན་ནོར་ཏེ། རང་གི་ཕ་སྐད་ངག་ལ་དྲངས་ནས། ང་ཚོས། གནམ་འོག་གི་སེམས་ཅན་རེ་རེར་བཀྲ་ཤིས་བདེ་ལེགས་ཞུ།

ཚེ་རིིང་དོན་འགྲུབ། འཕྲིན་ཕྲན་དང་ཁ་པར་18697823888

སྐུ་ཉིད་ཀྱིས་ངེད་འཕྲིན་སྟེགས་ལ་དོ་ཁུར་གནང་རོགས།