2016.12.07

རྩོམ་པ་པོ། ཟུངས་ཁྲག་དམར་པོ།

མི་སེམས་ལྐོག་གྱུར་ཆེ་བས།།

འཇིག་རྟེན་དམྱལ་བས་འགེངས་སོང་།།

ཕོ་བྲང་ནོར་བུ་གླིང་ཀའི།།

རིག་འཛིན་ཚངས་དབྱངས་རྒྱ་མཚོ།།

ག་ཤེད་ཅིག་ལ་བྱོན་སོང་།།


ས་སྟེང་འགྲོ་བའི་རྨོངས་པ།།

ནུབ་ཁའི་དར་ལྕོག་འདྲ་བ།།

བརྟགས་ན་མི་འཆར་རྒུ་འཆར།།

རིག་འཛིན་ཚངས་དབྱངས་རྒྱ་མཚོ།།

ནམ་ཚོད་ཅིག་ལ་གཟིམས་སོང་།།


མིག་ལ་མཛེས་པ་འཇའ་རེད།།

སྙིང་བོའི་མཛེས་པ་ཚོན་རེད།།

རེག་བྱ་མེད་པའི་འཇའ་དེར།།

རིག་འཛིན་ཚངས་དབྱངས་རྒྱ་མཚོ།།

ག་དུས་ཤིག་ལ་ཐིམ་སོང་།།


ལས་རླུང་གཡུག་ཐེངས་མང་བ།།

ཡིད་ལ་དྲན་པ་མང་བ།།

ཡིག་འབྲུའི་དོད་ཤལ་མང་བ།།

རིག་འཛིན་ཚངས་དབྱངས་རྒྱ་མཚོ།།

རྗེས་འདེད་ཟེར་བ་དཀའ་བྱུང་།།


ཁྱི་སྐད་བོར་ལ་ཟད་པའི།།

ནམ་ཕྱེད་ཡོ་ལང་ཙམ་ནས།།

སྐྱི་བསེར་འགྲམ་པར་བསླུས་པས།།

རིག་འཛིན་ཚངས་དབྱངས་རྒྱ་མཚོ།།

ས་གཞིས་གདོང་ལ་ནམ་ཕེབས།།


བདེ་བ་བདེ་བའི་སྙིང་པོའི།།

གནས་ལུགས་རྟོགས་སོང་མ་གསུང་།།

ཟླ་བའི་འཆར་ཡན་དེད་ནས།།

རིག་འཛིན་ཚངས་དབྱངས་རྒྱ་མཚོ།།

རྨི་ལམ་ནང་ནས་འདར་བྱུང་།།



2016/11/27ལའོ།།