ཧྥུན་ཡིའུ་ལན་དང་ལིན་ཡུས་ཐང་གིས་དཔེ་ཀློག་གླེང་བ།

美友5590343

བསྒྱུར་རྩོམ་འདི་གཉིས་ནི་ལར་མཁས་པ་ཆེན་པོའི་ཞལ་གསུང་ཡིན་པས་བློ་དམན་བདག་འདྲས་བསྒྱུར་དུ་མི་གཏུབ་མོད།ཁོ་བོའི་ལམ་རིམ་གྱི་སྦྱོང་བརྡར་དུ་ཟད་ན་གྲོགས་པོ་ཐམས་ཅད་ཀྱིས་མཛུབ་སྟོན་གྱི་རོགས་རམ་ཅིས་ཀྱང་གལ་ཆེ། དཔེ་ཀློག་ནི་དགོས་དུས་རྡོ་རྗེ་དང་མི་དགོས་ དུས་གདོན་རྫས་ལྟར་ཡིན་དགོས། ཧྥུན་ཡིའུ་ལན། ང་རང་ད་ལོ་ལོ་བརྒྱད་ཅུ་གྱ་བདུན་ལ་བུད་ཟིན།ལོ་བདུན་ནས་བཟུང་སློབ་གྲྭར་འགྲིམས་པས་དཔེ་ཀློག་གི་མགོ་འང་དེ་ནས་བརྩམས།ལོོ་ངོ་བརྒྱད་ཅུའི་རིིང་ལ་གཞི་རྩའི་ཆ་ནས་དཔེ་ཀློག་གི་རྒྱུན་མ་ཆད་པར་མུ་ནས་མུར་མཐུད་པས།དཔེ་ཀློག་ཕྱོགས་ཀྱི་ཉམས་མྱོང་ཕྲན་བུ་རེ་མེད་པ་མི་སྲིད།ངས་བཀླགས་པའི་དཔེ་ཆ་དག་གཙོ་བོ་རིག་གནས་དང་ལོ་རྒྱུས།མཚན་ཉིད་རིག་པའི་ཕྱོགས་ཡིན་ཞིང་།ལྷག་པར་དུ་མཚན་ཉིད་རིག་པའི་ཕྱོགས་མང་ཤོས་ཡིན།ངས་ཉམས་མྱོང་སྤྱི་སྡོམ་བྱས་ན་གནད་བཞི་སྟེ། ༼༡༽སྙིང་བཅུད་འདེམ་པ། ༼༢༽རྗོད་བྱེད་གོ་བ། ༼༣༽བརྗོད་བྱ་ཤེས་བ། ༼༤༽གནས་ལུགས་རྟོགས་པ། སྙིང་བཅུད་འདེམ་པ། ཐོག་མར་དང་པོ་དེ་བཤད།གནའ་དེང་རྒྱལ་ཁབ་ཕྱི་ནང་གི་དཔེ་ཆ་མང་བོ་གཅིག་ཏུ་བསྡུས་ན་དངོས་གནས་ཧ་ཅང་མང་དྲགས་པ་རེད།དཔེར་ན་རྒྱ་མཚོ་ལྟར་མཐའ་ཀླས་པ་དང་རི་རབ་བཞིན་ལྟར་མི་མངོན་པ་ཞིག་ཡིན།ལར་དཔེ་ཆ་མང་མོད།རིན་ཐང་གཏན་གནས་ཀྱི་དཔེ་ཆ་དེ་ཉུང་ཤོས་ཤིག་ཡིན།དཔེ་ཆ་དེ་རིགས་གསུམ་དུ་དགར་ཆོག་སྟེ།རིགས་དང་པོ་དེ་ཞིབ་ཀློག་བྱེད་དགོས་པ་དང་།རིགས་གཉིས་པ་དེ་བམ་ཀློག་ཙམ་གྱིས་ཆོག་པ།རིགས་གསུམ་པ་དེ་སློག་བལྟ་ཙམ་ཁོ་ནས་ཆོག་པའོ། ཞིབ་ཀློག་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན།དེ་ནི་གཟབ་ནན་གྱིས་ཀློག་པ་སྟེ།ནན་ནན་ཏིག་ཏིག་གིས་ཡིག་འབྲུ་རེ་རེ་གཅིག་གཅིག་གཉིས་གཉིས་ཀྱིས་ཀློག་པ་ལ་ཟེར།བམ་ཀློག་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན།དེ་ནི་རྩང་ངི་རྩིང་ངེ་སྒོ་ནས་ཀློག་པ་སྟེ།དེའི་སྤྱི་ཁོག་ན་ཅི་ཞིག་བཤད་ཀྱིན་ཡོད་པ་དེ་ཤེས་པས་འཐུས།སློག་བལྟ་ནི་ཇི་ལྟ་བུ་ཡིན་ཞེ་ན།དེ་ནི་ཡིག་འབྲུ་རེ་རེ་དང་ཚིག་དུམ་རེ་རེ་གཅིག་གཅིག་གཉིས་ཀྱིས་ཀློག་མི་དགོས་ལ།ཤོག་ངོས་རེ་རེ་བཞིན་ཡང་ཀློག་མི་དགོས།ཚགས་པར་ལ་བལྟ་བ་ནང་བཞིན་ཞར་ཞོར་ལ་སློག་པས་ཆོག ཡིག་འབྲུ་ཆེ་བའི་ཁ་བྱང་ལ་བལྟས་ནས།མོས་འདུན་ཡོད་སར་རགས་ཙམ་བལྟ་བ་དང་།མོས་འདུན་མེད་ན་ཞར་ཞོར་སློག་རྒྱུ་དེའོ། གོ་ཐོས་ལྟར་ན།ཀྲུང་གོར་ཐོག་མར་ཚགས་པར་བྱུང་དུས།མི་འགའ་རེས་ཚགས་པར་ལག་ཏུ་བཟུང་ནས།གཞུང་བཞི་དང་བསྟན་བཅོས་ལྔ་ཀློག་པ་བཞིན་སྐད་གསེང་མཐོན་པའི་སྒོ་ནས་གྱེར་བཞིན་ཡོད་སྐད།ཐབས་ལམ་འདི་ལྟར་ན།ཉིན་གཅིག་གི་ཚགས་པར་ལོ་གཅིག་ལའང་ཀློག་མི་ཚར།དྲང་མོར་བཤད་ན་དཔེ་ཆ་མང་ཆེ་བ་ནི་ཚགས་པར་སྟེང་གི་གསར་འགྱུར་ནང་བཞིན་ཡུད་ཙམ་ལ་གཡོ་སྐྱོམ་འབྱུང་དུ་འཇུག་སྲིད།འོན་ཀྱང་།སྐད་ཅིག་ཙམ་གྱི་རྗེས་ནས་འདས་ཟིན་པར་གྱུར་བ་རེད།དེ་བས།དཔེ་ཆ་ཧ་ཅང་མང་མོད།དངོས་གནས་ཞིབ་ཀློག་གི་རིན་ཐང་ཡོད་པ་མང་བོ་མེད།གཤམ་དུ་ཞིབ་ཀློག་རི་བའི་དཔེ་ཆའི་སྐོར་ནས་སྐད་ཆ་འགའ་ལབ་པར་བྱའོ། དཔེ་ཆ་དེ་དག་ཇི་ལྟར་ཞིབ་ཀློག་རི་བ་ཤེས་ཞེ་ན།གནད་དོན་འདིར་ཁྱོད་གཏན་ནས་འུ་ཐུག་དགོས་དོན་མེད།གནའ་ནས་བཟུང་སྟེ་ཆེས་དྲང་བཞག་གི་དཔྱད་འདེམ་པ་ཞིག་ཡོད།འོས་སྦྱོར་བ་མང་བོས་ཁོར་དཔེ་ཆ་ཡག་པོ་ངོ་སྤྲོད་བྱེད་ཀྱིན་ཡོད།དཔྱད་འདེམ་པ་འདི་དག་ནི་དུས་ཚོད་ཡིན་ལ།འོས་སྦྱོར་བ་དག་མང་ཚོགས་ཡིན། རིམ་བྱུང་གི་མང་ཚོགས་ཀྱིས་ཁོ་ཚོས་བལྟས་ན་རིན་ཐང་ལྡན་པའི་དཔེ་ཆ་དུས་ཚོད་ལ་འོས་སྦྱོར་བྱས།དུས་ཚོད་ཀྱིས་ཁོ་ཚོའི་འོས་སྦྱོར་ལ་གཞིགས་ནས།གཏན་གནས་ཀྱི་རིན་ཐང་མེད་པའི་དཔེ་ཆ་དེ་དག་ཐེར་འདོན་བྱས་ཤིང་།གཏན་གནས་ཀྱི་རིན་ཐང་ལྡན་པའི་དཔེ་ཆ་དེ་དག་ཁྱབ་སྤེལ་བཏང་བའོ། གནའ་ནས་བཟུང་ཁྱབ་སྤེལ་བཏང་བའི་དཔེ་ཆ་ཚང་མ་རིམ་བྱུང་མང་ཚོགས་ཀྱི་འོས་སྦྱོར་དང་དུས་ཚོད་ཀྱི་གདམ་ག་བརྒྱུད་དེ་ཁྱབ་སྤེལ་བཏང་ནས་འོངས་བ་ཡིན།ང་ཚོས་ཤེས་གསལ་ལྟར་གནའ་རབས་ནས་བརྒྱུད་པའི་དཔེ་ཆ་མང་ཆེ་བར་རིན་ཐང་ལྡན།ང་ཚོས་ཡ་མཚན་གནའ་མིས་བྲིས་པ་ཚང་མ་ཅིའི་ཕྱིར་རིན་ཐང་ལྡན་པ་རེད་ཅེས་སྙམ།དོན་དངོས་ཐོག་འདིར་ཡ་མཚན་རྒྱུ་ཅང་མེད་དེ།ཁོ་ཚོས་བྲིས་པའམ་བརྩམས་པའི་དཔེ་ཆ་མང་པོ་ཞིག་ལ་རིན་ཐང་མེད།ཡིན་ནའང་།རིན་ཐང་མེད་པའི་དཔེ་ཆ་དེ་དག་རིམ་བྱུང་གི་མང་ཚོགས་ཀྱིས་འོས་སྦྱོར་མ་བྱས་ཤིང་དུས་ཚོད་ཀྱི་ཉམས་སད་ཀྱིས་འདེམས་ཐོན་མ་བྱུང་བར་ཐེར་འདོན་བྱས་པས་རེད།ད་ལྟ་ང་ཚོས་བརྗོད་བཞིན་པའི"གསུང་རབ་གྲགས་ཅན"དང"བསྟན་བཅོས་གྲགས་ཅན"གྱི་དཔེ་ཆ་ཚང་མ་དུས་ཚོད་ཀྱི་ཉམས་སད་བརྒྱུད་དེ་ཁྱབ་སྤེལ་བཏང་འོངས་བ་ཡིན།འདིའི་རིགས་ཀྱི་དཔེ་ཆ་ཐམས་ཅད་ཞིབ་ཀློག་བྱ་འོས།དུས་ཚོད་ཀྱི་འདེད་སྤོར་དང་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་བསྟུན་ནས།དཔེ་ཆ་འདི་དག་གི་ཁྲོད་འགའ་རེ་ད་དུང་ཐེར་འདོན་བྱ་རྒྱུ་ཡོད་སྲིད།ཡིན་ནའང་།ད་ལ་ཐུག་རག་བར་དུ།དེ་ཚོ་ཚང་མ་མིང་ཅན་ཏག་ཏག་ཡིན།ང་ཚོས་ད་ལྟའི་མིང་ཅན་དག་ལ་ལྟ་དགོས། ང་ཚོར་ཐོག་མར་སེམས་ཀྱི་སྟ་གོན་དེ་ཡོད་ན།རང་ཉིད་ཀྱི་ཆེད་ལས་དང་གཞིགས་ནས་ངེས་པར་དུ་ཞིབ་ཀློག་བྱེད་དགོས་པའི་དཔེ་ཆ་འགའ་འདེམ་དགོས།དེ་དག་དེབ་རེ་རེ་བཞིན་ཀློག་དགོས།དེའི་རྐྱེན་གྱིས་དུས་ཚོད་གཅིག་གི་ནང་དཔེ་ཆ་གཅིག་ཀློག་པ་དང་།དེབ་གཅིག་བཀླགས་ཚར་རྗེས་ད་གཟོད་དེབ་གཉིས་པ་ཀློག་དགོས།ཀློག་པའི་སྐབས་སུའང་།སྔོན་ལ་རྗོད་བྱེད་ལ་གོ་བ་ལེན་དགོས།དེ་འང་མདོར་ན།ཐོག་མར་དེའི་ཡི་གེ་ཤེས་དགོས།དེའི་ཡི་གེ་ནི་དེའི་སྐད་ཆའོ།སྐད་ཆ་ལ་ཕྱི་ནང་གི་དབྱེ་བ་ཡོད་པ་མ་ཟད།གནའ་དེང་གི་ཁྱད་པར་ཡང་ཡོད།ཀྲུང་གོའི་རྒྱ་ཡིག་གི་སྤྱིའི་ངོས་ནས་བཤད་ན།དེང་རབས་རྒྱ་ཡིག་དང་གནའ་རབས་རྒྱ་ཡིག་གཉིས་ཡོད།ལར་གནའ་རབས་རྒྱ་ཡིག་ལ་གནའ་ཡིག་ཟེར།ཞིབ་གསལ་གྱིས་བཤད་ན།གནའ་ཡིག་ལའང་ཆིན་སྔོན་དུས་ཀྱི་གནའ་ཡིག་དང་ཧན་གཉིས་དུས་ཀྱི་གནའ་ཡིག ཝེ་ཅིན་དུས་ཀྱི་གནའ་ཡིག ཐང་སུང་དུས་ཀྱི་གནའ་ཡིག ཀྲུང་གོའི་རྒྱ་མི་རིགས་ཀྱི་གནའ་ཡིག་བཅས་ཚང་མ་དུས་རབས་སོ་སོའི་གནའ་ཡིག་འབྲི་སྟངས་མི་འདྲ་བ་རེད། གནའ་ཡིག་འདི་དག་ཀྱང་སྤྱིར་བཏང་གི་རྒྱ་ཡིག་འབྲི་སྟངས་ཡིན།འོན་ཀྱང་།རྒྱ་ཡིག་ཁོ་ན་ཤེས་པས་ད་དུང་མི་ཆོག ང་ཚོས་གནའ་མིས་བྲིས་པའི་གནའ་རྩོམ་གྱི་དཔེ་ཆ་ལ་བལྟས་ན་མི་གོ་ཞིང་།གནའ་མིས་ང་ཚོའི་ད་སྐབས་ཀྱི《མི་དམངས་ཉིན་རེའི་ཚགས་པར》ལ་བལྟས་ན་འང་གོ་མི་སྲིད།འདིར་སྐད་དང་ཡི་གེའི་འགག་སྒོ་ཟེར།འགག་སྒོ་འདི་གཏོར་མ་ནུས་ན།འགག་སྒོའི་ནང་དུ་གནས་ཚུལ་ཅི་ཞིག་བྱུང་མིན་དང་དངོས་པོ་ཅི་ཞིག་ཡོད་མེད་ཤེས་མི་ཐུབ།འགག་སྒོའི་ཕྱི་རུ་བསྡད་དེ་བྱུང་རྒྱལ་དུ་སྨྲ་བ་ནི་མི་རུང་ངོ་། རྗོད་བྱེད་གོ་བ། ངས་བཤད་པའི་རྗོད་བྱེད་གོ་བ་ནི་སྐད་དང་ཡི་གེའི་འགག་སྒོ་གཏོར་བ་དེ་ཡིན།འགག་སྒོ་འདི་གཏོར་བའི་སྐབས་སུ་སྔོན་ལ་ཡོ་བྱད་ཀྱི་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་བྱེད་དགོས་ཏེ།དཔེར་ན་མིང་མཛོད་དང་ཚིག་མཛོད་ལ་སོགས་ཀྱི་དཔེ་ཆའི་རིགས་དགོས།འདི་དགོས་ངེས་ཤིག་ཡིན་པས་མང་པོ་འབྲི་བའི་ངལ་བ་སྤངས་སོ། གནའ་བོའི་ཀྲུང་གོར་གཏམ་ཞིག་ཡོད་དེ།"བརྗོད་པ་བྲིས་ནས་མི་ཚར།།བསམ་པ་བརྗོད་ནས་མི་ཚར།། "ཟེར།དེ་ནི་དཔེ་ཆ་ཞིག་གི་སྤྱིའི་ནང་དོན་དེ་དཔེ་ཆ་དེ་འབྲི་བ་བོའི་བཤད་འདོད་པའི་སྐད་ཆ་དང་བསྡུར་ན་ཉུང་བ་དང་།ཁོས་བཤད་པའི་སྐད་ཆ་དེ་ཁོའི་བསྟན་དོན་ལས་ཉུང་བ་ཡིན་ཞེས་པའི་དོན་ཡིན།དཔེ་ཆ་ཞིག་གི་སྟེང་དུ་བྲིས་པ་དེ་ནི་མདོར་བསྡུས་དང་སྤྱི་དོན་ཡིན་པས།ཁོས་བཤད་པ་དང་མཚུངས་པར་དེ་འདྲའི་རྙོག་དྲ་མེད།ཞན་ཆ་འདིར་ཁ་གསབ་བྱེད་པའི་ཐབས་ཤེས་ཡོད།རྙོག་དྲར་མི་འཛེམ་ན་སྨྱུ་གུ་དང་སྣག་ཚ།ཤོག་བུ་ནི་ཧ་ཅང་སླ་མོ་ཡིན་པ་དེ་རེད།རྩོམ་ཡིག་ཅུང་རྙོག་དྲ་ཞིག་འབྲི་ན་སྣག་སྨྱུག་ཤོག་བུ་མང་བོ་བརླག་དགོས་པ་བསྙོན་མེད་ཡིན་པས།དོན་དག་དེར་ཧ་ལས་རྒྱུ་ཆེར་མེད། བསམ་པ་བརྗོད་ནས་མི་ཚར་བའི་དཀའ་ཁག་འདི་གདོང་གིས་བསུ་བའི་ཐབས་ཤེས་མེད་དེ།སྐད་ཆ་ནམ་ཡིན་ཡང་མཚན་ཉིད་དང་ཁ་འབྲལ་ཐབས་མེད།མཚན་ཉིད་དེ་ཞིབ་ཕྲའི་བྱ་དངོས་ལ་བལྟོས་ནས་བཤད་ན་ཆུ་ལ་ཆུ་བཞག་པ་ལྟར་འོས་ཤིང་འཚམ་པ་ཞིག་མིན།ཡིན་ནའང་།དེ་སྤྱི་ཁོག་གི་སྒྲོམ་གཞི་ཞིག་ལས་མ་འདས།དཔེར་ན་མི་ཞིག་གིས་བཤད་རྒྱུར་ངའི་སོ་ན་ཞེས་པར་མཚོན་ན།སོ་ཞེས་པ་མཚན་ཉིད་གཅིག་ཡིན་པ་དང་ན་ཞེས་པ་མཚན་ཉིད་གཅིག་ཡིན།སོ་ན་ཞེས་ན་ཡང་མཚན་ཉིད་གཅིག་ཡིན།དྲང་མོར་བཤད་ན་ཁོ་སོ་ན་བས་མི་ཚད་པར་དམིགས་བསལ་གྱི་ན་ཕྱོགས་ཤིག་རེད།ངེས་གཏན་ཁྱབ་ཁོངས་ཆེ་ཆུང་དང་ངེས་གཏན་གྱི་ཟབ་ཚད་ཡོད།འདི་ཚང་མ་རྙོག་འཛིང་གི་གནས་ཚུལ་ཡིན།སོ་ན་ཞེས་པའི་ཡིག་འབྲུ་གཉིས་འབའ་ཞིག་གིས་གསལ་བོར་བྱེད་མི་ནུས།ཇི་ལྟར་རྙོག་དྲ་མང་བོ་བཤད་ཀྱང་བརྡ་སྤྲོད་མི་ཐུབ།བསམ་པ་བརྗོད་ནས་མི་ཚར་ཞེས་པའི་དཀའ་ཁག་ཀྱང་འདི་ན་ཡོད། དེའི་རྐྱེན་གྱིས་དཔེ་ཀློག་གི་སྐབས་སུ།དཔེ་ཆའི་ཁྲོད་ཀྱི་ཡིག་འབྲུ་རེ་རེ་ཤེས་ཤིང་དོན་ཚང་མ་གོ་ནའང་།དཔེ་ཆ་འབྲི་བ་བོ་གང་ཟག་དེའི་བསྟན་དོན་ཤེས་ཡོད་པའི་ངེས་པ་མེད།སྔོན་ཆད་མི་ཞིག་གིས་བཤད་རྒྱུར་དཔེ་ཆ་བལྟ་ན་ཡིག་འབྲུ་རེ་རེ་བལ་བསེད་བསེད་བྱེད་དགོས་ཟེར།ཡང་ལ་ལས་སྙན་ངག་ཀློག་ན་"ཚིག་གི་ནང་ན་ཚིག མར་གྱི་ནང་ན་སྤུ"ལྟར་ཡིན་དགོས་ཀྱང་ཟེར།འདི་ཚང་མས་ཡི་གེ་ལས་འདས་པའི་ཤེས་པའི་ངོ་བོ་ཞིག་རྟོགས་དགོས་པ་བཤད་ཡོད།འདི་ནི་ད་གཟོད་བརྗོད་བྱ་ཤེས་བ་དེ་རེད།སི་མ་ཆན་གྱིས"སློབ་ལ་དགའ་ཞིང་བསམ་བློ་གཏོང་བའི་སྐྱེས་བུ་དེས་བརྗོད་བྱ་རྟོགས་སོ"ཞེས་པ་ནང་བཞིན་བརྗོད་བྱ་ནི་སྐད་དང་ཡི་གེར་འབྲལ་ཐབས་མེད།འོན་ཀྱང་།ཁ་ཤས་སྐད་དང་ཡི་གེས་ཀྱང་གཏན་ནས་མཚོན་མི་ཐུབ།གལ་སྲིད་སྐད་དང་ཡི་གེའི་བཀག་རྒྱའི་དབང་དུ་གྱུར་ནས་སྐད་དང་ཡི་གེ་ཁོ་ནར་ཤི་འཐམ་རོ་འཐམ་བྱས་ཚེ་དེ་ནི་ཨ་འཐས་ཀྱི་དཔེ་ཀློག་ཉིད་རེད།ཨ་འཐས་ཀྱི་དཔེ་ཀློག་བྱེད་མཁན་ནི་དཔེ་ཆ་བ་གླེན་པའོ།སྐད་དང་ཡི་གེ་ནི་དཔེ་ཆའི་བསྟན་དོན་རྟོགས་བྱེད་ཀྱི་འཁར་བ་ལྟ་བུ་ཡིན།བསྟན་དོན་རྟོགས་སོང་ན་དེ་བསྐྱུར་ན་ཆོག འདི་ནི་ད་གཟོད་གནའ་མིས་བརྗོད་པའི"བརྗོད་བྱ་གོ་ན་རྗོད་བྱེད་བརྗེད"ཟེར་བ་དེ་རེད།མི་དང་མིའི་བར་གྱི་འབྲེལ་བའི་ཁྲོད།དགོས་དུས་རྡོ་རྗེ་དང་མི་དགོས་དུས་གདོན་རྫས་ནི་གཤིས་སྤྱོད་མི་ལེགས་པ་ཞིག་ཡིན།འོན་ཀྱང་།དཔེ་ཀློག་ནི་དགོས་དུས་རྡོ་རྗེ་དང་མི་དགོས་དུས་གདོན་རྫས་ལྟར་ཡིན་དགོས། བརྗོད་བྱ་ཤེས་བ། གོང་ནས་བཤད་ཟིན་པའི"བརྗོད་པ་བྲིས་ནས་མི་ཚར"དང"བསམ་པ་བརྗོད་ནས་མི་ཚར"།ད་དུང་ཚིག་དུམ་ཞིག་ཡོད་པ་ནི"གནས་ལུགས་བསམ་ནས་མི་ཚར"ཞེས་པ་དེ་རེད།གནས་ལུགས་ནི་དངོས་ཡོད་ཀྱི་གནས་ལུགས་དང་།བརྗོད་བྱ་ནི་དཔེ་ཆ་རྩོམ་པའི་གང་ཟག་དེའི་རང་སྣང་གི་ཤེས་རྟོགས་དང་བརྡར་གཅོད་ཡིན་ལ།དངོས་ཡོད་ཀྱི་གནས་ལུགས་དེ་ཁོའི་རང་སྣང་གི་ཕྱིར་མཚོན་ཡང་ཡིན།གནས་ལུགས་དང་བརྗོད་བྱ་གཉིས་དངོས་ཡོད་དང་རང་སྣང་གི་ཁྱད་པར་ཡོད་ཀྱང་།བརྗོད་བྱ་དང་གནས་ལུགས་གཉིས་རྦད་དེ་འདྲ་མཚུངས་མ་ཡིན་ནོ། གནས་ལུགས་རྟོགས་པ། མི་ནི་ནམ་ཡང་མི་ཡིན་པས།ཐམས་ཅད་མཁྱེན་པ་མིན།ཁོའི་རང་སྣང་གི་ཕྱིར་མཚོན་དང་མྱོང་ཚོར།བརྡར་གཅོད་བཅས་ནི་དངོས་ཡོད་ཀྱི་གནས་ལུགས་དང་བསྡུར་ན་ནོར་འཆུག་གི་ཧེ་བག་ངེས་གཏན་ཡོད་པ་རེད།དེ་བས་དཔེ་ཀློག་སྐབས་དེའི་བརྗོད་བྱ་གོ་བ་ཙམ་གྱིས་མི་ཆོག་པར་གནས་ལུགས་རྟོགས་ཚེ་ད་གཟོད་མེས་པོའི་བརྗོད་བྱ་ལ་འཁྲུལ་བ་མི་འབྱུང་།གལ་སྲིད་གནས་ལུགས་རྟོགས་ཚེ་ང་ལ་འང་ང་རང་ཉིད་ཀྱི་བརྗོད་བྱ་ཡོད།ངའི་བརྗོད་བྱ་དེ་རང་སྣང་ཡིན་པ་སྨོས་མ་དགོས་ལ།དངོས་ཡོད་ཀྱི་གནས་ལུགས་དང་རྦད་དེ་མི་མཐུན་པ་འང་སྲིད།འོན་ཀྱང་། ངས་ངའི་བརྗོད་བྱ་དང་མེས་པོའི་བརྗོད་བྱ་གཉིས་ཕན་ཚུན་གཤིབ་བསྡུར་དང་ཕན་ཚུན་ཁ་གསབ།ཕན་ཚུན་དག་བཅོས་བྱས་ཆོག དེ་ནས་ད་གཟོད་ཅུང་ཡང་དག་གི་བརྗོད་བྱ་རྙེད་སྲིད།བརྗོད་བྱ་ནི་ངའི་ཡིན་ལ།ངས་དེ་སྤྱད་ནས་དོན་དག་ཐག་གཅོད་དང་གནད་དོན་སེལ་ཆོག དེ་ནི་ངས་རང་གི་རྐང་བ་སྤྱད་དེ་ལམ་དུ་འགྲོ་བ་ནང་བཞིན།ངའི་ཡིད་ལ་འགྲོ་འདོད་ཤར་མ་ཐག རྐང་བ་དབང་མེད་དུ་མདུན་དུ་སྤོས་པ་ལྟར་ཡིན་དགོས།དཔེ་ཀློག་ཚད་འདིར་སླེབས་དུས་ད་གཟོད་སློབ་ཤེས་སྤྱོད་ཤེས་ཀྱི་ཚད་ཐིག་ཏུ་སླེབས་པར་བགྲང་ལ།དཔེ་ཆ་དེ་གསོན་དུ་བཅུག་པའང་རེད།དཔེ་ཆ་ཀློག་ཤེས་པའི་མི་དེས་བེམ་པོའི་དཔེ་ཆ་བཀླག་ནས་གསོན་དུ་འཇུག་ལ།དཔེ་ཆ་ཀློག་མི་ཤེས་པའི་མི་དེས་གསོན་པོའི་དཔེ་ཆ་བཀླག་ནས་འཆི་རུ་འཇུག་སྲིད།བེམ་པོའི་དཔེ་ཆ་བཀླག་ནས་གསོན་པ་ནི་བདག་གིས་དཔེ་ཆ་བེད་སྤྱད་པ་ཡིན་ལ།གསོན་པོའི་དཔེ་ཆ་བཀླག་ནས་འཆི་བ་ནི་དཔེ་ཆས་བདག་བེད་སྤྱད་པ་ཡིན།དཔེ་ཆ་སྤྱོད་པ་ལས་དཔེ་ཆའི་སྤྱད་བྱར་མི་འགྱུར་བར་བྱེད་པ་ནི་དཔེ་ཀློག་རང་ཁྱིམ་དུ་བསྐྱལ་འོངས་པ་དང་མཚུངས་སོ། སྔོན་ཆད་མི་ཞིག་གིས་"གཞུང་དྲུག་གིས་ང་ལ་མཆན་བཏབ།ངས་གཞུང་དྲུག་ལ་མཆན་བཏབ།།"ཅེས་བཤད་པ་ནང་བཞིན།རང་ཉིད་ཀྱིས་དངོས་ཡོད་ཀྱི་གནས་ལུགས་དེ་ཚོ་གསལ་བོར་རྟོགས་ཚེ་ད་གཟོད་རང་ཉིད་ལ་རང་ཉིད་ཀྱི་བརྗོད་བྱ་ཡོད་ལ།དེ་ལ་མེས་པོའི་བརྗོད་བྱ་ལ་འང་ཟུར་ལྟ་བྱས་པ་ལ་"གཞུང་དྲུག་གིས་ང་ལ་མཆན་བཏབ"ཅེས་པ་ཡིན།དངོས་ཡོད་ཀྱི་གནས་ལུགས་དེ་ཚོ་འང་མ་རྟོགས་ཤིང་།ཐ་ན་གནའ་མིའི་བརྗོད་བྱ་ཡོད་ཚད་ཀྱང་མ་ཐོབ་པར་སྐད་དང་ཡི་གེ་འབའ་ཞིག་གི་སྟེང་ནས་ཚོད་དཔག་བྱས་པ་ནི"ངས་གཞུང་དྲུག་ལ་མཆན་བཏབ"ཅེས་པ་ཡིན།"གཞུང་དྲུག་གིས་ང་ལ་མཆན་བཏབ"ཅེས་པའི་ཚད་ཐིག་ལ་སླེབས་པ་ཡིན་ན།ད་གཟོད་ངེས་དོན་གྱི"ངས་གཞུང་དྲུག་ལ་མཆན་བཏབ"པའོ། གཡུ་ལུང་གཡུང་དྲུང་འབུམ་གྱིས 2016.10.4~7བར་ལ་བསྒྱུར། དཔེ་ཀློག་གི་སྒྱུ་རྩལ། ལིན་ཡུས་ཐང་། དཔེ་ཀློག་གམ་དཔེ་ཆ་ལོངས་སུ་སྤྱོད་པ་དེ་སྔར་ནས་བློ་སྦྱོང་ཡོད་པའི་འཚོ་བའི་བབ་ཆགས་ཀྱི་ལས་ཤིག་ཡིན་ལ།གོ་སྐབས་འདི་ལོངས་སྤྱོད་ཀྱི་ཁེ་དབང་ཆེར་མེད་པའི་མི་རེ་འགའི་ངོས་ནས་བལྟས་ན།བརྩི་འཇོག་གི་རིན་ཐང་ལྡན་ཞིང་མིག་སེར་གྱི་དོན་དག་ཅིག་ཀྱང་ཡིན། ང་ཚོས་དཔེ་ཆ་ཀློག་མཁན་ཞིག་དང་དཔེ་ཆ་མི་ཀློག་མཁན་གཉིས་ཀྱི་འཚོ་བའི་ཧེ་བག་གཤིབ་བསྡུར་ཞིག་བྱས་ན།གནད་འདི་ཧ་ཅང་རྟོགས་སླ།དཔེ་ཀློག་གི་གོམས་གཤིས་ཆགས་མེད་པའི་མི་དེར་ཡུལ་དུས་གཉིས་ཀྱི་ཆ་ནས།ཁོའི་མིག་མདུན་གྱི་འཇིག་རྟེན་དེ་ཁབ་མིག་ལས་ཀྱང་དོག ཁོའི་འཚོ་བ་དེ་ཡང་འཕྲུལ་ཆས་ཅན་དང་བསྐྱར་དཔར་བྱས་པ་དང་མཚུངས།ཁོ་གྲོགས་པོ་ངོ་ཤེས་འགའ་ལ་འབྲེལ་འདྲིས་ཁ་བརྡ་བྱེད་པའམ་ཉེ་འཁོར་དུ་བྱུང་བའི་དོན་དག་བཅས་ཀྱི་བཙོན་ར་དེ་ལས་ཐར་བའམ་འགོངས་མི་སྲིད།ཡིན་ནའང་།ཁོས་དཔེ་དེབ་ཅིག་བཟུང་བའི་སྐབས་དེ་ནས་ཁོ་འཇིག་རྟེན་གཞན་ཞིག་ཏུ་སླེབས་པ་རེད།གལ་སྲིད་དེ་ནི་དཔེ་དེབ་ལེགས་པོ་ཞིག་ཡིན་ཚེ།ཁོས་འཇིག་རྟེན་གྱི་མཁས་པ་ཆེན་པོར་འབྲེལ་འདྲིས་བྱེད་པ་དང་མཚུངས།ཁ་བརྡ་བྱེད་མཁན་འདིས་ཁོའི་མདུན་བསྐྱོད་ལ་སྣེ་སྟོན་བྱས་ནས་རྒྱལ་ཁབ་དང་དུས་རབས་མི་འདྲ་བ་ཞིག་ཏུ་ཁྲིད་ངེས།དེ་ནས་ཡང་མིན་ན་ཁོར་མི་སྒེར་གྱི་ནོངས་འགྱོད་ལྷུག་པར་བརྗོད་སྲིད་ལ།ཡང་མིན་ན་ཁོར་དེ་སྔ་ནས་མི་ཤེས་པའི་ཤེས་བྱ་དང་འཚོ་བའི་གནད་དོན་ཡང་བགྲོ་གླེང་བྱེད་སྲིད། གནའ་བོའི་རྩོམ་པ་པོ་ཞིག་གིས་ཀློག་པ་པོར་གནའ་སྔ་མོའི་འདས་པོ་གང་རུང་དང་འབྲེལ་འདྲིས་བྱེད་དུ་འཇུག ཁོས་ཀློག་པའི་སྐབས་སུ་གནའ་རབས་རྩོམ་པ་པོ་དེའི་ངོ་གདོང་ཇི་ལྟ་བུ་ཞིག་ཡིན་པ་དང་།མི་ཅི་འདྲ་ཞིག་ཡིན་མིན་ལ་རྟོག་འཆར་བྱེད་མགོ་བརྩམས་ཡོད།མེང་ཙི་དང་ཀྲུང་གོའི་ཆེས་རླབས་ཆེ་བའི་ལོ་རྒྱུས་སྨྲ་བ་སི་མ་ཆན་ལ་འང་དེ་འདྲའི་ལྟ་ཚུལ་བྱུང་མྱོང་།མི་ཞིག་དུས་ཚོད་བཅུ་གཉིས་ཀྱི་རིང་།འཇིག་རྟེན་མི་འདྲ་བ་ཞིག་ཏུ་འཚོ་བ་རོལ་ན།མིག་མདུན་གྱི་དངོས་ཡོད་ཁོར་ཡུག་དེ་རྦད་དེ་བརྗེད་འགྲོ འདི་ད་གཟོད་ལུས་པོའི་བཙོན་ར་ལས་ཐར་ཐུབ་ཀྱིན་མེད་པའི་ཁོ་ཚོ་ཕྲག་དོག་དང་ལྷན་དུ་ཡིད་སྨོན་སྐྱེས་པའི་གཞི་ཡིན་ལ།ཁོར་ཡུག་གི་འགྱུར་ལྡོག་དེ་སེམས་ཁམས་ཀྱི་ཤུགས་རྐྱེན་ཐད་ནས།ཡུལ་སྐོར་ལྗོངས་རྒྱུ་དང་དབྱེར་མ་མཆིས།དེར་མ་ཟད་དཔེ་དེབ་ཀྱིས་ཀློག་པ་པོ་དེ་བསམ་བློ་དང་རང་བརྟག་གི་ཁམས་ཤིག་ཏུ་ཁྲིད་སྲིད།དངོས་བྱུང་གི་དོན་དག་དང་འབྲེལ་བའི་དཔེ་ཆ་ཞིག་ཡིན་ན།དངོས་སུ་མཐོང་བའི་དོན་དག་གམ་དངོས་སུ་བརྒྱུད་པའི་གནས་བབ་དང་།དཔེ་ཆའི་ཁྲོད་ཀྱི་དོན་དག་དེ་གཉིས་བར་མི་འདྲ་ས་ཞིག་ཡོད།དེའི་རྒྱུ་མཚན་ནི་དཔེ་དེབ་ཏུ་ཞིབ་བརྗོད་བྱེད་པའི་དོན་དག་དེ་ཏག་ཏག་ལྗོངས་རྣམ་ཞིག་ཏུ་གྲུབ་ཚར་དུས།ཀློག་པ་པོ་དེ་འང་ཟུར་གྱི་ལྟད་མོ་བ་ཞིག་ཏུ་གྱུར་ཡོད། དེའི་རྐྱེན་གྱིས།ཆེས་ལེགས་པའི་དཔེ་དེབ་དེའང་ང་ཚོ་འདི་ལྟ་བུའི་བསམ་གཞིགས་གི་ཀློང་དུ་ཁྲིད་པའི་དཔེ་དེབ་ཡིན་པ་ལས།དོན་དག་གི་མགོ་མཇུག་སྙན་ཞུ་བྱེད་པ་དེ་ཁོ་ན་ལྟ་བུའི་དཔེ་དེབ་མ་ཡིན་ནོ།ངས་བལྟས་ན་མི་རྣམས་ཀྱིས་དུས་ཚོད་འབོར་ཆེན་སྤྱད་ནས་ཚགས་པར་ཀློག་གིན་ཡོད་མོད།དེ་ནི་དཔེ་ཀློག་མིན་ཏེ།སྤྱིར་བཏང་ཚགས་པར་ཀློག་མཁན་ཕལ་ཆེར་གྱིས་དོན་རྐྱེན་གྱི་འབྱུང་རྐྱེན་ཡང་ན་བྱུང་རིམ་གྱི་རྣམ་པ་ཙམ་ལས་གནད་དུ་ཐིངས་པའི་བསམ་གཞིགས་ཀྱི་རིན་ཐང་རྩ་བ་ནས་མེད་དོ། ངའི་ལྟ་ཚུལ་ལྟར་ན།དཔེ་ཀློག་གི་དམིགས་ཡུལ་ཐད་ནས་སུང་རྒྱལ་རབས་ཀྱི་སྙན་ངག་པ་དང་སུའུ་ཏུང་ཕོའི་གྲོགས་པོ་ཧོང་ཧྲན་ཀུའུ་ཡིས་གསུངས་པའི་གཏམ་དེ་རབ་ཏུ་རྨད་པར་སྙམ་མོ།ཁོང་གིས"ཉིན་གསུམ་ལ་དཔེ་ཆ་མ་བཀླགས་ན།སྐད་ཆ་མེད་ཅིང་གཞན་ངོ་བལྟ་བར་ཡང་འཚེར་སྣང་འབྱུང"ཞེས་གསུངས་མྱོང་།ཁོའི་བསྟན་དོན་ནི་དཔེ་ཀློག་གིས་མི་ཚེར་མཛེས་པ་སྩོལ་ཞིང་འཚོ་བར་བྲོ་བ་སྦྱིན་པར་འདོད།འདི་ནི་ད་གཟོད་དཔེ་ཀློག་གི་དམིགས་ཡུལ་ངོ་མ་དེ་ཡིན་ལ།དམིགས་ཡུལ་འདི་འདྲ་བཅངས་ནས་དཔེ་ཀློག་བྱེད་པ་ལ་སྒྱུ་རྩལ་ཞེས་ཀྱང་འབོད་ཆོག མི་ཞིག་གིས་དཔེ་ཀློག་བྱེད་པའི་དམིགས་ཡུལ་ནི"བློ་སེམས་ལེགས་བཅོས"བྱེད་པ་ཁོ་ན་མིན།རྒྱུ་མཚན་ནི་ཁོས་བློ་སེམས་ལེགས་བཅོས་ཀྱི་མགོ་རྩོམ་དུས།དཔེ་ཀློག་གི་སྤྲོ་བ་ཡོད་ཚད་ཉམས་འགྲོ་བས་ཡིན། ཁོས་རང་ཉིད་ལ་བཤད་རྒྱུར"ངས་ངེས་པར་དུ་ཤིག་སེ་ཕེར་གྱི་བརྩམས་ཆོས་དང་སའོ་ཧྥུ་ཁུ་ལེ་སིའི་བརྩམས་ཆོས།འབུམ་རམས་པ་དབྱི་ལི་ཨོ་ཐིའི་༼ཧ་ཧྥོའི་འཛམ་གླིང་ཕུལ་བྱུང་བརྩམས་ཆོས་གཅེས་བཏུས༽བཅས་བཀླགས་ནས་སློབ་གསོ་ཅན་གྱི་མི་ཞིག་ཏུ་འགྱུར་བར་བརྩོན་རྒྱུ་ཡིན"ཟེར་མོད།ངས་མི་དེ་ནམ་ཡང་མི་སློབ་གསོ་ཅན་ཞིག་ཏུ་འགྱུར་མི་ཐུབ་ཅེས་བཤད་ཕོད།ཉིན་ཞིག་གི་དགོང་མོར་ཁོས་རང་ཉིད་ལ་བཙན་ཚུགས་ཀྱིས་ཤིག་སེ་ཕེར་གྱི༼ཧམ་ལེ་ཐི༽བཀླགས།བཀླགས་ནའང་གཉིད་གུང་གི་རྨི་ལམ་ལས་སད་པ་ལྟར་ཁོས༼ཧམ་ལེ་ཐི༽བཀླགས་ཟིན་ཞེས་བཤད་ཆོག་པ་མ་གཏོགས་གཞན་ཕན་ཡོན་གང་ཡང་ཐོན་ཐུབ་མེད།གལ་ཏེ་མི་ཞིག་གིས་འགན་འཁུར་གྱི་འདུ་ཤེས་ཀྱིས་དཔེ་ཀློག་བྱས་ཚེ།དེས་དཔེ་ཀློག་གི་སྒྱུ་རྩལ་ལ་གོ་བ་ལོན་མི་སྲིད། ལས་འགན་འདུ་ཤེས་ཀྱི་དཔེ་ཀློག་བྱེད་ཐབས་ནི་གྲོས་ཞུགས་པ་ཞིག་གིས་གཏམ་བཤད་སྔོན་གྱི་ཡིག་ཆ་ལྟ་ཀློག་དང་སྙན་ཞུ་བྱེད་པ་དང་དབྱེར་མ་མཆིས།འདི་ནི་དཔེ་ཀློག་མིན་པར་ལས་རིགས་འཚོལ་སྙེག་གི་སྙན་ཞུ་དང་ཆ་འཕྲིན་ཞིག་རེད།དེའི་རྐྱེན་གྱིས།རུས་ཧོང་ཧྲན་ཀུའུ་ཅན་གྱི་སྐད་ཆ་དེར་གཞིགས་ན།མི་སྒེར་གྱི་བློ་སྦྱོང་ངོས་ནས་ཕྱི་ཚུལ་གྱི་ཁྱད་འཕགས་དང་ཚིག་སྦྱོར་གྱི་རོ་བཅུད་དམིགས་ཡུལ་དུ་འཛིན་པའི་དཔེ་ཀློག་དེ་ནི་ད་གཟོད་བསྟོད་བསྔགས་བྱེད་དགོས་པའི་དཔེ་ཀློག་བྱེད་ཐབས་ཉག་གཅིག་གོ འདིའི་ཕྱི་ཚུལ་གྱི་ཁྱད་འཕགས་ཞེས་ལུས་ཕུང་གི་མཛེས་པ་ཞིག་ཏུ་གོ་མི་རུང་བ་མངོན་གསལ་རེད།རུས་ཧོང་ཅན་གྱིས་བཤད་པའི"གཞན་ངོ་བལྟ་བར་ཡང་འཚེར་སྣང་འབྱུང"ཞེས་པ་དེ་ལུས་པོའི་མདོག་ཉེས་ལ་གོ་བ་མ་ཡིན།མདོག་ཉེས་ཀྱི་ངོ་གདོང་ལ་འང་སྐབས་རེར་མི་སེམས་སྒུལ་བའི་མཛེས་པ་མངོན་ལ།མཛེས་སྡུག་གི་བཞིན་རས་ཀྱིས་ཀྱང་ལན་རེར་མི་རྣམས་ལ་སུན་སྣང་སྟེར། ང་ལ་ཀྲུང་གོའི་གྲོགས་པོ་ཞིག་ཡོད།མགོ་རུས་ཀྱི་རྣམ་པ་ནི་འགད་རྫས་ཤིག་དང་མཚུངས་མོད།མི་རྣམས་ཀྱིས་ཁོ་མཐོང་མ་ཐག་སྤྲོ་བ་འཕེལ་བར་བྱེད།ངས་འདྲ་པར་སྟེང་མཐོང་བའི་ནུབ་གླིང་གི་རྩོམ་པ་པོ་ལས།ངོ་གདོང་ཆེས་མཛེས་སྡུག་ལྡན་པ་དེ་ནི་ཅེ་སི་ཐོ་ཏོན་ཡིན་དགོས།ཁོའི་ཁ་སྤུ་དང་མིག་ཤེལ།རྫོངས་མཐུག་པའི་སྨིན་མ་གཉིས་བར་གྱི་རྒས་གཉེར་ཟབ་མོ་དེ་བཅས་ཀྱིས་གདོན་འདྲེ་གང་ཞིག་གི་བྱད་བཞིན་དང་མཚུངས་བ་ཞིག་གྲུབ་འདུག ང་ཚོས་ཀླད་པའི་ནང་དྲན་ཤེས་མང་པོ་འཁོར་ཞིང་དུས་ནམ་ཡང་མཚར་སྣང་དང་སྐྱེན་མྱུར་གྱི་མིག་ཟུང་ལས་བརྡོལ་བར་འདོད།དེ་ནི་ད་གཟོད་རུས་ཧོང་ཅན་གྱིས་བཤད་པའི་མཛེས་སྡུག་གི་བཞིན་རས་ཏེ།སྒེག་ཚོས་ཡིས་མཛེས་བཟོ་བྱས་པའི་བཞིན་རས་དེ་མ་ཡིན་པར་བསམ་བློའི་སྟོབས་ཤུགས་ཀྱིས་བསྐྲུན་པའི་ལྷད་མེད་ཀྱི་བཞིན་རས་དེའོ།ཚིག་སྦྱོར་གྱི་རོ་བཅུད་གླེང་དུས།དེ་ནི་ཐད་ཀར་མི་ཞིག་གི་དཔེ་ཀློག་གི་བྱེད་ཐབས་ཅི་ལྟར་ཡིན་པར་ལྟ་དགོས།མི་ཞིག་གི་ཚིག་སྦྱོར་ནང"བྲོ་བ"ཡོད་མེད་དེ།ཐད་ཀར་མི་དེའི་དཔེ་ཀློག་གི་བྱེད་ཐབས་དང་རག་ལས་ཡོད།གལ་ཏེ་ཀློག་པ་པོར་དཔེ་ཆའི་ཁྲོད་ཀྱི་བྲོ་བ་དེ་ཐོབ་སོང་ན།ཁོའི་ཚིག་སྦྱོར་གྱི་རོ་བཅུད་མངོན་ཐུབ་པ་ཡིན་ལ།གལ་ཏེ་ཁོའི་ཚིག་སྦྱོར་ལ་རོ་བཅུད་ཡོད་ན།ཁོས་རྩོམ་འབྲི་བའི་སྐབས་ཀྱང་རོ་བཅུད་དེ་མི་མངོན་པ་མི་སྲིད།དེའི་རྐྱེན་གྱིས།ངས་བསམ་ན་རོ་བཅུད་དང་འདོད་ཧམ་དེ་ནི་དཔེ་དེབ་ཡོད་ཚད ཀློག་པའི་འགག་རྩ་རེད། འདོད་ཧམ་དེ་ཟས་ཟ་བའི་ཡི་ག་དང་ཇི་བཞིན་རང་རང་ལ་གདམ་གའི་རང་བཞིན་ཡོད།མི་ཞིག་ཟ་བར་དགའ་བའི་ཟ་མ་ཟ་བ་དེ་ནི་ད་གཟོད་ཆེས་འཚམ་པའི་བཟའ་བཏུང་གི་ཐབས་ཤེས་ཡིན།རྒྱུ་མཚན་ནི་ཁོས་ཟ་མ་འདི་དག་ཟོས་ན་ཕོ་བར་འཇུ་ལེགས་པ་ཤེས། དཔེ་ཆ་ཀློག་པ་ནི་ཟ་མ་ཟ་བ་དང་གཅིག་མཚུངས་ཡིན།"མི་གཅིག་གིས་ཟོས་ན་བཅུད་སྨན་ཡིན་རུང་།མི་གཞན་ཞིག་གིས་ཟོས་ན་དུག་རྫས་སུ་འགྱུར་སྲིད།"དགེ་རྒན་གྱིས་བཙན་གྱིས་སློབ་མར་དཔེ་ཆ་ཀློག་ཏུ་འཇུག་མི་རུང་ལ།ཕ་མ་ཡིས་ཀྱང་བུ་བུ་མོའི་ཡི་ག་ཁོ་ཚོ་དང་མཉམ་པའི་རེ་བ་འཆང་མི་རུང་ངོ་། གལ་ཏེ་ཀློག་པ་པོ་ཁོས་ཀློག་པའི་དཔེ་ཆ་དེར་སྤྲོ་སྣང་མེད་ན།དུས་ཚོད་ཆུད་ཟོས་སུ་གཏོང་བ་ལས་མ་འདས།ཡོན་ཀྲུང་ལིང་གིས་ཀྱང"རང་ཉིད་ཀྱིས་ལྟ་མི་འདོད་པའི་དཔེ་ཆ་དེ་གཞན་ལ་ཀློག་ཏུ་ཆུགས"ཞེས་གསུངས་མྱོང་།དེའི་རྐྱེན་གྱིས་འཇིག་རྟེན་ན་མི་ཞིག་གིས་ངེས་པར་བཀླག་དགོས་པའི་དཔེ་ཆ་ཞིག་མེད་དེ།ང་ཚོའི་འཇོན་ནུས་ཀྱི་སྤྲོ་སྣང་དེ་ལྗོན་ཤིང་ཇི་བཞིན་སྐྱེས་ཤིང་གཙང་བོ་ཇི་བཞིན་བཞུར་གྱིན་པས་སོ།འོས་འཚམ་གྱི་བརླན་ཆ་ཡོད་ན་སྡོང་བོ་རང་བཞིན་གྱིས་སྐྱེས་འོངས་ལ།འཛད་མེད་ཀྱི་ཆུ་མིག་ཡོད་ན་གཙང་བོའང་ངང་ངམ་ཤུགས་ཀྱིས་བཞུར་འོངས།ཆུ་རྒྱུན་དེ་བྲག་རྡོ་དང་འཕྲད་ཚེ་བྱོལ་ནས་འགྲམ་དུ་བཞུར་འགྲོ་ལ།ཆུ་རྒྱུན་དེ་སའི་ཀོང་བུ་ཞིག་ཏུ་ལུད་དུས་ཀྱག་ཀྱོག་གིས་དེ་རུ་ཡུད་ཙམ་ལ་འཁྱིལ་སྲིད།ཆུ་རྒྱུན་དེ་གཏིང་ཟབ་པའི་རྫིང་བུ་ཞིག་ཏུ་སླེབས་སྐབས་འཇམ་ཐིང་ངེར་དེ་རུ་གཏན་སྡོད་བྱས། ཆུ་རྒྱུན་དེ་ངོས་གཟར་བོ་ཞིག་དང་འཕྲད་དུས་མདུན་ཕྱོགས་སུ་དྲག་ཏུ་འབབ་སྲིད། དེ་ལྟར་ཡིན་ཚེ།ཁོས་སྟོབས་ཤུགས་དང་ནུས་པ་ཅི་ཡང་མ་བཀོལ་ཞིང་།ངེས་གཏན་གྱི་དམིགས་ཡུལ་ཡང་མེད་མོད།ཁོ་གང་ལྟར་ཉིན་ཞིག་རྒྱ་མཚོར་སླེབས་ཐུབ། འཇིག་རྟེན་དུ་མི་ཚང་མས་ངེས་པར་ཀློག་དགོས་པའི་དཔེ་ཆ་ཞིག་མེད།ཡུལ་དུས་ག་གེ་མོ་དང་ཁོར་ཡུག་ག་གེ་མོ་སྟེ།ཚེ་སྲོག་གི་དུས་རིམ་ག་གེ་མོར་ད་གཟོད་ངེས་པར་དུ་བཀླག་དགོས་པའི་དཔེ་ཆ་ཡོད། ངས་དཔེ་ཆ་ཀློག་པ་དང་གཉེན་སྒྲིག་པ་གཉིས་གཅིག་མཚུངས་ཡིན་ཞིང་དེ་ནི་ལས་དབང་གི་བཀོད་སྒྲིག་དང་རྟེན་འབྲེལ་གྱི་རྒྱུ་རྐྱེན་གྱིས་ཐག་བཅད་པར་འདོད། དཔེ་དེབ༼ཡེ་ཤུའི་གསུང་རབ༽ལ་ཆ་བཞག་ན།མི་རེ་རེས་ངེས་པར་ཀློག་དགོས་མོད།འདི་བཀླག་པར་ཡང་ངེས་གཏན་གྱི་དུས་ཚོད་ཅིག་ཡོད།མི་ཞིག་གི་བསམ་བློ་དང་ཉམས་མྱོང་བརྩམས་ཆོས་གྲགས་ཅན་ཀློག་པའི་ཆུ་ཚད་ལ་སླེབས་མེད་དུས།བརྩམས་ཆོས་གྲགས་ཅན་དེས་ཀྱང་བྲོ་བ་ངན་པ་ཞིག་སྟེར་སྲིད། ཁུང་ཙིས"ལྔ་བཅུའི་དུས་སུ༼ཀྲོའུ་ཡུས་སྤོར་ཐང༽སྦྱོང"ཞེས་གསུངས་མྱོང་།གསལ་བོར་བཤད་ན།ལོ་ཞེ་ལྔའི་སྐབས་ཀྱང༼ཀྲོའུ་ཡུས་སྤོར་ཐང༽མ་ཀློག་ཅེས་པའི་དོན་རེད།༼ཁུང་ཙིའི་གསུང་སྒྲོས༽ཀྱི་བབ་ཆགས་ཞི་དུལ་གྱིས་མཛེས་པའི་བསླབ་བྱ་དང་།ཁོའི་ནང་བྱན་ཆུད་པའི་བློ་རིག་གི་སྙིང་བཅུད་ལ།ཀློག་པ་པོ་རང་ཉིད་ནང་བྱན་མ་ཆུད་གོང་རོལ་མྱོང་བྱ་མི་རུང་། དཔེ་དེབ་གཅིག་ཀློག་པ་པོ་གཅིག་གིས་བཀླགས་ནའང་གིས་སྐབས་མི་འདྲ་བར་བྱུང་བའི་མྱོང་ཚོར་ནི་ཐ་དད་ཡིན།དེ་བཞིན་དུ་ངོ་མ་འཕྲད་པའི་མི་ཞིག་གི་འདྲ་པར་ལ་བལྟས་བའམ་ཕུལ་བྱུང་མི་སྣའི་རྩོམ་ཡིག་བཀླགས་སྐབས་ཀྱི་མྱོང་ཚོར་དང་ངོ་འཕྲད་དེ་བགྲོ་གླེང་བྱས་རྗེས་ཡང་བསྐྱར་འདྲ་པར་ལ་ལྟ་བ་འམ་དེའི་རྩོམ་ཡིག་ཀློག་དུས་སྔར་ལས་ཟབ་པའི་བློ་བསྐྱེད་ཐོབ་ངེས།ཡང་མི་དེ་དང་འབྲེལ་ཐག་བཅད་རྗེས།ཁོའི་འདྲ་པར་དང་རྩོམ་ཡིག་ལ་བལྟས་ན་ཚོར་བ་དེ་ནི་ཡང་གཞན་ཞིག་གོ ལོ་བཞི་བཅུའི་དུས་སུ༼ཀྲོའུ་ཡུས་སྤོར་ཐང༽ཀློག་པ་དེ་བྲོ་བ་ཞིག་ཡིན་ལ།འཇིག་རྟེན་གྱི་འཕོ་འགྱུར་བརྒྱུད་པའི་ལྔ་བཅུའི་དུས་སུ་ཡང་བསྐྱར༼ཀྲོའུ་ཡུས་སྤོར་ཐང༽ཀློག་པ་དེ་ཡང་བྲོ་བ་གཞན་ཞིག་ཡིན།དེའི་རྐྱེན་གྱིས་དཔེ་དེབ་བཟང་བོ་བསྐྱར་ཀློག་བྱས་ན་ཕན་ཡོན་དང་སྤྲོ་སྣང་གསར་བ་འཕེལ་ཐུབ། ང་སློབ་ཆེན་གྱི་སྐབས་སུ་སློབ་གྲྭས་༼ནུབ་ཕྱོགས་སུ་འགྲིམ་པའི་ཟིན་ཐོ༽དང༼ཧེ་རའེ་ཨི་སི་མོང༽བཅས་བཙན་གྱིས་ཀློག་ཏུ་བཅུག ཡིན་ནའང་།ང་རང་དེ་དུས་ལོ་ན་བཅུ་ཡས་མས་ཡིན་པས།༼ནུབ་ཕྱོགས་སུ་འགྲིམ་པའི་ཟིན་ཐོ༽ཡི་ཕན་ནུས་རོལ་མྱོང་བྱེད་ཐུབ་ཡང་།༼ཧེ་རའེ་ཨི་སི་མོང༽ཡི་བྲོ་བ་ངོ་མ་དེ་རྩ་བ་ནས་རོལ་མྱོང་བྱེད་ཐུབ་མེད།རྗེས་སུ་རིམ་གྱིས་ཕྱིར་འདང་རེ་བརྒྱབ་ཚེ།ད་གཟོད་དཔེ་ཆ་དེ་དག་གི་བྲོ་བ་དེ་སྐབས་དེའི་ངའི་རོལ་མྱོང་གི་བྲོ་བ་ལས་ངེས་གཏན་ཕུན་སུམ་ཚོགས་པོ་ཡོད་མིན་ལ་ཡིད་གཉིས་ཐེ་ཚོམ་དུ་གྱུར། དེ་ལྟར་ན་དཔེ་ཀློག་ལ་ཕྱོགས་གཉིས་ཏེ།གཅིག་ནི་རྩོམ་པ་པོ་དང་ཡང་གཅིག་ནི་ཀློག་པ་པོ་ཡིན།སོ་སོར་ཐོབ་པའི་ཕན་འབྲས་ཀྱི་ཐད་ནས།ཀློག་པ་པོར་ཡང་ཁོ་རང་ཉིད་ཀྱི་མཐོང་རྒྱ་དང་ཉམས་མྱོང་ཀྱིས་ཕུལ་བའི་སྟོབས་ནུས་དེ་རྩོམ་མཁན་རང་ཉིད་དང་གཅིག་མཚུངས་ཡིན།སུང་རྒྱལ་རབས་ཀྱི་རུའུ་ལུགས་པ་སྐུ་ཞབས་ཁྲེན་ཡུས་ཁྲོན་གྱིས༼ཁུང་ཙིའི་གསུང་སྒྲོས༽གླེང་སྐབས"༼ཁུང་ཙིའི་གསུང་སྒྲོས༽ཀློག་ན།བཀླགས་དང་མ་བཀླག་རྦད་དེ་གཅིག་ཡིན།བཀླགས་རྗེས་ཚིག་རྐང་གཅིག་གཉིས་ལ་དགའ་བ་དང་།བཀླགས་རྗེས་དེར་དགའ་བ།བཀླགས་རྗེས་ཤེས་མེད་ཚོར་མེད་ངང་རྐང་འཁྲབ་ལག་འཁྲབ་བྱེད་དགོས"ཞེས་གསུངས་མྱོང་། ངས་བསམ་ན་མི་ཞིག་གིས་ཁོ་རང་ཆེས་དགའ་བའི་རྩོམ་པ་པོ་ཞིག་རྙེད་རྒྱུ་དེ་ཁོའི་ཤེས་བྱ་འཕེལ་རྒྱས་ཀྱི་དོན་དག་ཆེས་གལ་ཆེན་ཞིག་ཡིན་པར་འདོད།འཇིག་རྟེན་གྱི་མི་སྐོར་ཞིག་གི་སེམས་ཁམས་དངོས་གནས་རིགས་འདྲ་བོ་ཡོད།མི་ཞིག་གིས་གནའ་དེང་གི་རྩོམ་པ་པོའི་ཁྲོད་ངེས་པར་དུ་ཁོ་རང་ཉིད་དང་སེམས་ཁམས་འདྲ་བའི་རྩོམ་པ་པོ་ཞིག་བཙལ་དགོས།ཁོས་དེ་ལྟར་བྱས་ན་ད་གཟོད་དཔེ་ཀློག་གི་ཕན་ཡོན་ངོ་མ་ཐོབ་ཐུབ། མི་ཞིག་གིས་ངེས་པར་དུ་རང་ཚུགས་རང་རྟོགས་ཀྱིས་ཁོའི་དགེ་རྒན་བཙལ་བ་ལ།སུས་ཀྱང་ཁྱོད་ཆེས་དགའ་བའི་རྩོམ་པ་པོ་དེ་སུ་ཡིན་པ་མི་ཤེས་ལ།ཐ་ན་ཁྱོད་རང་ཉིད་ཀྱིས་ཀྱང་མི་ཤེས་ན་ཐང་།འདི་འཕྲད་མ་ཐག་སེམས་འཁྲེང་བ་དེ་དང་མཚུངས། གཞན་གྱིས་ཀློག་པ་པོར་ཁྱོད་རྩོམ་པ་པོ་འདི་དང་རྩོམ་པ་པོ་ཀན་ལ་དགའ་དགོས་ཞེས་མི་ཟེར།ཡིན་ཡང་།ཀློག་པ་པོ་ཁོ་རང་དགའ་བའི་རྩོམ་མཁན་དེ་རྙེད་དུས།ཁོ་རང་ཉིད་ཀྱིས་རང་བཞིན་ངང་གིས་ཤེས་ཐུབ།རྩོམ་མཁན་གསར་རྙེད་ཀྱི་དོན་དག་དང་འབྲེལ་ནས།ང་ཚོས་གསུང་རྩོམ་གྲགས་ཅན་རེ་གཉིས་ཀྱི་དཔེ་གཞི་དྲངས་ཆོག མཁས་པ་མང་བོ་འཚོ་བ་རོལ་སའི་དུས་རབས་མི་འདྲ་བར་ལོ་ངོ་མང་བོའི་བར་ཐག་གིས་བསྐལ་ནའང་།ཁོ་ཚོའི་བསམ་བློའི་ཐབས་ཤེས་དང་ཁོ་ཚོའི་བརྩེ་དུང་དེ་འདྲའི་མཚུངས་ཤིང་མི་ཚོས་དཔེ་དེབ་ཅིག་གི་ཡིག་འབྲུ་རེ་རེ་བཞིན་ཀློག་དུས་རང་ཉིད་ཀྱི་འཇིམ་བརྙན་མཐོང་བ་དང་འདྲ། ཀྲུང་གོ་བའི་བཤད་སྲོལ་ལྟར་ན།འདྲ་མཚུངས་ཀྱི་སེམས་ཁམས་འདིར་ང་ཚོས་རྣམ་ཤེས་གཅིག་གི་སྤྲུལ་བ་ཡིན་ལ།དཔེར་ན་འགའ་རེས་བཤད་རྒྱུར་སུའུ་ཏུང་ཕའོ་ནི་ཀྲོང་ཙིའམ་ཐའོ་ཡུའེ་མེན་གྱི་ཡང་སྲིད་དང་།ཡོན་ཀྲུང་ལིང་ནི་སུའུ་ཏུང་ཕའོ་ཡི་ཡང་སྲིད་ཡིན་ཟེར།སུའུ་ཏུང་ཕའོ་ཡིས་ཁོས་ཐོག་མར་ཀྲོང་ཙིའི་རྩོམ་ཡིག་ཀློག་དུས།ཁོ་རང་ཉིད་ཀྱིས་བལྟས་ན་ཁོ་ཆུང་དུས་ནས་བཟུང་ནམ་ཡིན་ཡང་དོན་དག་གཅིག་ལ་འདུ་ཤེས་ཀྱང་གཅིག་འདྲ་བཟུང་བ་ཡིན།ཡོན་ཀྲུང་ལིང་གིས་མཚན་མོ་ཞིག་ལ་སྙན་ཚོམ་ཞིག་གི་ནང་།མིང་ལ་ཞུས་བུན་ཁྲང་ཟེར་བའི་དུས་མཉམ་གྱི་མིང་གྲགས་མེད་པའི་རྩོམ་མཁན་ཞིག་མཐོང་མ་ཐག ཁོ་མལ་ཁྲི་ལས་ཡར་ལྡིང་ནས་ཁོའི་གྲོགས་པོ་བོས།ཁོའི་གྲོགས་པོས་ཀྱང་སྙན་ཚོམ་དེར་བལྟས་མ་ཐག་སྐད་འབོད་བྱས།དེ་ནས་ཁོ་གཉིས་ཀྱིས་ཅུང་ཙམ་རེ་གྱེར་རྗེས་སྐད་འབོད་རྒྱག སྐད་འབོད་རེ་བརྒྱབ་རྗེས་ཡང་གྱེར་འདོན་བྱས་པས།ཁོ་ཚོའི་གཡོག་པོ་སོམ་ཉིའི་རྒྱ་རུ་ཚུད། དབྱི་ལི་ཨོ་ཐིས་གསུང་རྒྱུར་ཁོ་མོས་ཐེངས་དང་པོར་རོའུ་སུའོ་ཡི་བརྩམས་ཆོས་ཀློག་དུས་གློག་རྒྱུན་ཞིག་གིས་གཞུས་པ་དང་མཚུངས།ནེ་ཁྲེ་ཡང་ཧྲུའུ་ཕིན་ཧྭར་ལ་དེ་བཞིན་གྱི་ཚོར་བ་བྱུང་མྱོང་།འོན་ཏེ་ཧྲུའུ་ཕིན་ཧྭར་ནི་གཏི་ཐུག་སྣ་ཐུང་གི་དགེ་རྒན་ཞིག་ཡིན་ཞིང་ནེ་ཁྲེ་ནི་གཤིས་རྒྱུད་ངང་ཐུང་གི་སློབ་མ་ཞིག་ཡིན་པས།རྗེས་སུ་སློབ་བུས་དགེ་རྒན་ལ་རྒྱབ་འགལ་བྱས་པའང་ཧ་ཅང་རྒྱུན་ལྡན་གྱི་དོན་དག་ཅིག་ཡིན། རང་ཉིད་ཆེས་དགའ་བའི་རྩོམ་མཁན་རྙེད་པའི་དཔེ་ཀློག་བྱེད་ཐབས་འདི་ལྟ་བུ་ཡོད་ན།ད་གཟོད་དགེ་མཚན་བརྗོད་ལས་འདས་པ་འབྱུང་།ཕོ་གསར་ཞིག་དང་ཁོའི་མཛའ་མོ་འཕྲད་མ་ཐག་སེམས་ཆགས་པ་ཇི་བཞིན་གནད་དོན་ཅི་ཡང་མེད།ཁོ་མོའི་མཐོ་ཚད་དང་ངོ་གདོང་།སྐྲ་ལོའི་ཁ་དོག སྒྲ་གདངས།འཛུམ་མདངས་ཚང་མ་ཆུ་ལ་ཆུ་བཞག་པ་ལྟར་རོ། རྩོམ་མཁན་གང་ངོ་ཤེས་པའི་ན་གཞོན་ཞིག་ཡིན་ན།དགེ་རྒན་གྱི་མཛུབ་སྟོན་མི་དགོས།རྩོམ་མཁན་དེ་ཁོའི་རེ་འདོད་དང་ཡང་འཚམ།ཁོའི་རྣམ་པ་དང་སྤྲོ་སྣང་།འདུ་ཤེས།བསམ་བློའི་ཐབས་ཤེས་བཅས་ཚང་མ་ཡང་ཆུ་ལ་ཆུ་བཞག་པ་ལྟར་ཡིན།དེ་མ་ཐག་ཀློག་པ་པོས་རྩོམ་མཁན་དེས་བྲིས་པའི་བརྩམས་ཆོས་ཡོད་ཚད་ཀློག་མགོ་རྩོམ་ངེས།ཁོ་ཚོའི་བར་གྱི་ནང་སེམས་ཀྱི་འབྲེལ་བ་དེའི་དབང་གིས་ཁོས་བརྩམས་ཆོས་ཡོད་ཚད་ནང་དུ་དྲངས་ཤིང་ཤུལ་ལྷག་མེད་པར་བཞུས་ཟིན།རྩོམ་མཁན་ཁོ་རང་ལ་འགུག་ཤུགས་དེ་འདྲ་ཡོད་ལ།ཁོ་ཡང་འཇིབ་སྡུད་བྱས་པར་དགའ་བ་རེད།ཡུན་རིང་ཞིག་འགོར་རྗེས།ཁོ་རང་ཉིད་ཀྱི་སྐད་སྒྲ་བྱད་བཞིན་དང་དགའ་བའི་དགོད་སྒྲ སྐྱིད་པའི་འཛུམ་མདངས་རེ་རེ་བཞིན་ཁད་ཀྱིས་རྩོམ་མཁན་དེ་དང་མཚུངས་བར་གྱུར། འདི་ལྟར་ཁོ་དངོས་གནས་ཁོའི་རྩོམ་རིག་གི་དགའ་མའི་ཕང་བར་བཟི་སོང་ན།དཔེ་དེབ་འདི་དག་ལས་ཁོའི་རྣམ་ཤེས་ལ་རྒྱགས་ཕྱེ་སྤྲོད།ལོ་འགའ་འགོར་རྗེས།འགུག་ཤུགས་དེ་རིམ་གྱིས་ཉམས་ནས་།ཁོ་མཛའ་མོ་དེར་སུན་སྣང་གི་ཚོར་བ་བག་ཙམ་རེ་བྱུང་བ་དང་བསྟུན།རྩོམ་རིག་གི་དགའ་མ་གཞན་ཞིག་བཙལ་མགོ་བརྩམས།ཁོར་དགའ་རོགས་གསུམ་བཞི་རེ་ཡོད་པ་མ་ཟད།དེ་དག་རེ་རེ་བཞིན་རོལ་མྱོང་བྱས་རྗེས།ཁོ་རང་ཉིད་ཀྱང་རྩོམ་མཁན་ཞིག་ཏུ་གྱུར་སོང་བ་ཡིན།ཀློག་པ་པོ་མང་བོ་ནམ་ཡང་བརྩེ་དུང་གི་དྲ་རྒྱར་ལྷུང་ཡོད།ན་གཞོན་ཕོ་མོའི་བརྩེ་དུང་གི་འབྲེལ་བ་ལྟར་མི་གཅིག་ཁོ་ནར་སེམས་འཁྲེང་མི་རུང་ངོ་། རྩོམ་མཁན་གང་རུང་གི་བརྩམས་ཆོས་ཁོ་ཚོས་བཀླག་ཆོག་ལ།རྩོམ་མཁན་ཐམས་ཅད་ཀྱི་བརྩམས་ཆོས་ཀྱང་ཁོ་ཚོས་བཀླག་ཆོག་ཆོག་ཡིན་མོད།ཁོ་ཚོར་གྲུབ་འབྲས་ཤིག་ཐོབ་མི་སྲིད།དེས་ན་དཔེ་ཀློག་སྒྱུ་རྩལ་གྱི་འདུ་ཤེས་སྟེང་།དཔེ་ཀློག་ནི་འགན་འཁྲི་དང་ལས་འགན་ཞིག་ཡིན་པའི་གོ་རྟོགས་དེ་རྩ་བ་ནས་གཏོར་དགོས།ཀྲུང་གོར་ནམ་ནམ་མི་ཚོས་སློབ་མར"སྡུག་རུས"བྱེད་པར་སྐུལ་ལྕག་གཏོང་། དཀའ་སྤྱད་སྡུག་རུས་བྱེད་པའི་མཁས་པ་གྲགས་ཅན་ཞིག་ཡོད།ཐེངས་ཤིག་མཚན་མོར་དཔེ་ཆ་ཀློག་དུས་གཉིད་ལྕོག་རྒྱག་པས།སྙུང་བུས་མཚང་ར་ལ་བསྣུན་པ་རེད།ཡང་མཁས་པ་གཞན་ཞིག་གིས་མཚན་མོར་དཔེ་ཆ་ཀློག་དུས།བུད་མེད་ཅིག་བོས་ནས་འགྲམ་དུ་ལངས་སུ་བཅུག་སྟེ་ཁོ་གཉིད་ལྕོག་རྒྱག་སྐབས་སློང་དུ་བཅུག དེ་ནི་དངོས་གནས་དགོད་སྤྱད་ཀྱི་དོན་དག་ཅིག་རེད། གལ་སྲིད་མི་ཞིག་གིས་དཔེ་དེབ་མདུན་དུ་བསྒྲིགས་ནས།གནའ་རབས་ཤེས་རབ་ཅན་གྱི་རྩོམ་མཁན་རྣམས་ཀྱིས་ཁོ་ལ་ཁ་བརྡ་བྱེད་དུས།ད་རུང་གཉིད་ལྕོག་རྒྱག་ན་ཁོ་གཙང་མའི་སྒོ་ནས་གཉིད་ན་ལེགས།ཁབ་ཀྱིས་བྱིན་པར་བསྣུན་པའམ་བུད་མེད་ཀྱིས་གཉིད་ལས་སློང་བ་གང་ཡིན་རུང་།ཁོར་ཕན་ཐོགས་གཅིག་ཀྱང་མེད།དེ་ལྟར་བྱས་ན་མིའི་དཔེ་ཀློག་གི་སྤྲོ་སྣང་ཡལ་འགྲོ རིན་ཐང་ལྡན་པའི་མཁས་པས"ཞུན་བརྡར"ཞེས་པ་ཅི་ཞིག་ཡིན་པ་མི་ཤེས་ལ།"སྡུག་རུས"ཞེས་པ་འང་ཅི་ཞིག་ཡིན་པ་མི་ཤེས།ཁོ་ཚོའི་དགའ་ཕྱོགས་དཔེ་དེབ་ཡིན་ཞིང་རང་དབང་མེད་པར་མུ་མཐུད་དུ་དཔེ་ཆ་ཀློག་པ་ཡིན། གནད་དོན་འདི་ཐག་བཅད་རྗེས།དཔེ་ཀློག་གི་དུས་ཚོད་དང་ས་གནས་ཀྱི་དྲིས་ལན་ཡང་ཞོར་ལ་རྙེད་ཐུབ།དཔེ་ཀློག་ལ་ངེས་གཏན་གྱི་དུས་ཚོད་དང་ས་གནས་མེད།མི་ཞིག་ལ་དཔེ་ཀློག་གི་འདོད་བློ་ཡོད་དུས་གནས་གང་ནས་ཀྱང་དཔེ་ཆ་བཀླག་ཆོག གལ་ཏེ་ཁོ་ལ་དཔེ་ཀློག་གི་སྤྲོ་སྣང་དེ་ཡོད་ན།ཁོ་སློབ་རར་ཡོད་ན་ཆོག་ལ་མེད་ཀྱང་རུང་སྟེ་དཔེ་ཀློག་བྱས་ཆོག འཛམ་གླིང་དུ་སློབ་གྲྭ་མེད་ན་ཡང་ཁོས་དཔེ་ཀློག་བྱེད་ངེས།ཁོས་ཆེས་བཟང་བའི་སློབ་གླིང་དུ་འང་དཔེ་ཀློག་བྱས་ཆོག ཙེང་གོ་ཧྥན་གྱིས་ནང་མིར་བཏང་བའི་འཕྲིན་ཡིག་ཅིག་སྟེ།ཁོའི་ནུ་བོ་བཞི་བ་རྒྱལ་སའི་སློབ་གྲྭ་བཟང་བོ་ཞིག་ཏུ་སློབ་གཉེར་བྱེད་དུས།"རང་ཚུགས་རང་སྟོབས་ཀྱི་ནུས་པ་ལྡན་ན།སློབ་གྲྭ་ནས་དཔེ་ཆ་བཀླག་ཆོག་ལ།མི་མེད་ལུང་སྟོང་གི་འབྲོང་ཐང་དང་ཟང་ཟིང་ལང་ལོང་གི་འདུ་ར་ནས་ཀྱང་བཀླག་ཆོག ད་དུང་རྔུལ་ཆུ་ཡིས་སྦངས་བའི་ཞིང་ཁ་ནས་གྲང་ལྷགས་ཀྱིས་གཙེས་པའི་རྩྭ་ཐང་གང་རུང་ནས་ཀྱང་དཔེ་ཆ་བཀླག་ཆོག རང་ཚུགས་རང་སྟོབས་ཀྱི་ནུས་པ་མེད་ན།སློབ་གྲྭར་ཀྱང་དཔེ་ཆ་བཀླག་པར་མི་འཚམ་ལ།དྭངས་གཙང་གི་ཡུལ་གྲུ་དང་ལྷ་ཡུལ་གྱི་ཞིང་ཁམས་ནས་ཀྱང་དཔེ་ཆ་བཀླག་པར་མི་འཚམ"ཞེས་གསུངས་ཡོད། མི་རེ་འགས་དཔེ་ཆ་ཀློག་དུས།ཅོག་ཙེའི་མདུན་དུ་ཚུགས་ཀ་ཞིག་བཏོད་ནས།ཁོ་ཚོས་འཁང་ར་བྱེད་རྒྱུར་དཔེ་ཆར་བལྟ་མི་ཐུབ་སྟེ།ཁང་བ་ཧ་ཅང་འཁྱག་ཅིང་རྐུབ་སྟེགས་ཧ་ཅང་མཁྲེགས།འོད་ཧ་ཅང་གསལ་དྲགས་སོང་ཟེར།ད་དུང་རྩོམ་མཁན་ལ་ལས་ཁོ་ཚོས་རྩོམ་མ་ཕྲིས་པ་ནི་དུག་སྦྲང་མང་ཞིང་འབྲི་ཤོག་གི་ལྡོག་འཕྲོ་དྲག་པ་དང་།རྒྱ་ལམ་གྱི་འཛེར་སྒྲ་ཧ་ཅང་ཆེ་བས་ཡིན་ཞེས་ལེ་བདའ་བྱེད། སུང་རྒྱལ་རབས་ཀྱི་མཁས་པ་ཨའོ་དབྱང་ཞིའུ་ཡིས་ཁོའི་རྩོམ་ཡིག་ཚང་མ"གནས་གསུམ་"དུ་ཐོབ་པ་ཡིན་ཏེ།སྔས་འབོལ་དང་རྟ་ཕོ།སྤྱོད་ཁང་བཅས་གསུམ་མོ་ཞེས་གསུངས།གོ་ཐོས་ལྟར་ན་ཆིང་རྒྱལ་རབས་ཀྱི་གྲགས་ཅན་མཁས་པ་ཀུའུ་ཆན་ལི་ལ་དབྱར་ཁར་"གཅེར་བུར་གསུང་རབ་ཀློག་པའི"གོམས་གཤིས་ཡོད་སྐད།ཕྱོགས་གཞན་ཞིག་ནས།མི་ཞིག་དཔེ་ཀླིག་ལ་མི་དགའ་ན་ལོ་གཅིག་གི་དུས་ཚིགས་བཞི་བོར་དཔེ་ཆ་ཀློག་མི་ཐུབ་པའི་ལུགས་མཐུན་རྒྱུ་མཚན་ཡོད། དཔྱིད་ཀ་དཔེ་ཀློག་དུས་ཚིགས་མིན།། ཙད་པའི་དབྱར་ཁར་གཉིད་ན་དགའ།། སྟོན་ཁར་སླེབས་ནས་ཡང་དགུན་དུས།། དེ་ལས་སང་ལོར་སྒུག་ན་ལེགས།། དེས་ན།དཔེ་ཀློག་གི་སྒྱུ་རྩལ་ངོ་མ་དེ་གང་ཡིན་ནམ་ཞེ་ན།གོ་བདེའི་སྒོ་ནས་བཤད་ན་དེ་ནི་དཔེ་ཀློག་གི་སེམས་ཁམས་དེ་ཡོད་དུས་དེ་མ་ཐག་དཔེ་ཆ་ཀློག་པ་དེའོ།མི་ཞིག་རང་བྱུང་ལས་བརྒལ་ནས་དཔེ་ཀློག་བྱས་ན་ད་གཟོད་དཔེ་ཀློག་གི་སྤྲོ་སྣང་ལ་རོལ་མྱོང་བྱེད་ཐུབ།ཁོས་མཛའ་མོ་དང་ལྷན་དུ་༼ལི་སའོ༽ཡང་ན་ཨོ་མར་ཁེམ་གྱི་བརྩམས་ཆོས་བཟུང་ཞིང་ཆུ་འགྲམ་དུ་སོང་ནས་བཀླགས།གལ་ཏེ་མཁའ་དབྱིངས་སུ་མཛེས་སྡུག་གི་སྤྲིན་དཀར་ཞིག་ཡོད་ན།ཁོར་སྤྲིན་དཀར་གྱི་མཛེས་པར་རོལ་བ་ལས་དཔེ་ཆ་བརྗེད་དུ་ཆུགས།ཡང་ན་དཔེ་ཆ་དང་སྤྲིན་དཀར་ལ་མཉམ་དུ་ལྟ་རུ་ཆུགས། གཡུ་ལུང་གཡུང་དྲུང་འབུམ་གྱིས་ 2016.10.7~28བར་ལ་བསྒྱུར།