དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།

美友1454075

དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ།

དེ་རིང་ནི་སྤྱི་ཟླ་༩བའི་ཚེས་༡༠སྟེ་རྒྱལ་ཡོངས་དགེ་རྒན་དུས་ཆེན་རེད།འགྲོ་བ་མི་ཞིག་ལ་མཚོན་ན་འཇིག་རྟེན་འདིར་ཆེས་བཀའ་དྲིན་བླ་ན་མེད་པ་ནི་རང་རང་སོ་སོའི་བླ་མའམ་དགེ་རྒན་རྣམས་ཁོ་ན་ཡིན་ཞིང་།ཕྲན་རང་ཉིད་ལྟ་བུར་མཚོན་ན་ཡང་ཤེས་ཡོན་ཏིལ་ཙམ་ཡོད་པ་དང་ལེགས་ཉེས་ཟུར་ཙམ་འབྱེད་ཤེས་པའང་ཁོང་རྣམ་པའི་བྱམས་བརྩེའི་གཟི་འོད་ཀྱི་བཀའ་དྲིན་དང་སྐུ་དྲིན་ཁོ་ན་ལས་མ་འདས།

ངས་ཁུ་སིམ་མེར་གཅིག་བུར་མིག་ཟུང་བཙུམས་ནས་ཆུང་དུས་རང་ཉིད་ཀྱི་ཀློག་སློབ་པའི་དགེ་རྒན་དྲིན་ཆེན་ཕ་མ་གཉིས་གཙོ་བྱས་ཏེ་རིམ་བཞིན་ནར་སོན་པའི་རྒྱུད་རིམ་ཁྲོད་དགོན་སྡེ་ནས་དགོན་སྡེ་འགྲིམས་པའི་དགེ་བའི་བཤེས་གཉེན་རྣམ་པ་དང་མ་ཡུམ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་རྣམ་པ། མདོར་ན་སྐྱ་སེར་ཕོ་མོ་རིས་སུ་མ་བཅད་པར་ཕྲན་ལ་ཤེས་རིག་གི་ནོར་བུ་ཕངས་མེད་དུ་སྩོལ་མཁན་ཡོངས་ལ་གུས་པས་སྐད་གསང་མཐོན་པོའི་ངང་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་དང་བཅས་བཀའ་དྲིན་གཞལ་མཐའ་མེད་པའི་བཤེས་གཉེན་རྣམས་ལ་རྟེན་འབྲེལ་ཞུ་ཞེས་བརྗོད་ན་འདོད།

ཁྱེད་ཅག་གིས་ཕྲན་ལ་ཕྱི་ནང་གི་རྨོངས་མུན་སེལ་བར་བྱེད་པའི་ཤེས་རིག་གི་སྒྲོན་མེ་གནང་ཞིང་། དཀར་ནག་གི་ལས་འབྲས་སོ་སོར་འབྱེད་པའི་ཤེས་རབ་ཀྱི་བློ་མིག་བསྩལ། སྒོ་གསུམ་གྱི་ཉེས་སྤྱོད་ལྡོག་པར་བྱེད་པའི་བློ་གྲོས་སྦྱིན་ཏེ་རྣམ་དཀར་གྱི་ཡོན་ཏན་བཟང་བོ་གྲོགས་སུ་སྤྲད་པར་མ་ཟད། ཁྱེད་ཅག་གིས་ཆེས་ཐོབ་དཀའ་བའི་དལ་འབྱོར་གྱི་མི་ཚེ་དང་ལང་ཚོ། འགྲོ་བ་ཀུན་གྱི་རེ་སྙེག་གི་གཙོ་བོར་གྱུར་བའི་བདེ་སྐྱིད་ཀྱི་འཚོ་བ། གསེར་ལས་དཀོན་ཅིང་ལྡོག་ཏུ་མེད་པའི་དུས་ཚོད་སོགས་ཡོད་ཚད་གཞན་དོན་དུ་བཏང་ཞིང་ཤེས་བྱའི་གནས་ལུགས་དང་ལེགས་ཉེས་ཀྱི་བླང་དོར་གསལ་བོར་འབྱེད་པའི་ཤེས་རབ་ཀྱི་འོད་གནང་སྦྱིན་པས། ད་གཟོད་ཁྱེད་ཅག་ནི་ཕྲན་ལ་སངས་རྒྱས་ལས་བཀའ་དྲིན་ཆེ་བའི་ལམ་སྟོན་པ་དང་། ཆོས་དང་དགེ་འདུན་ལས་ཀྱང་སྐྱབས་དངོས་དང་ཟླ་གྲོགས་མཆོག་ཏུ་གྱུར་པ་དེ་ཡིན།

མདོར་ན་བྱམས་བརྩེ་འོ་མ་ལས་དཀར་ཞིང་ལྷག་བསམ་གངས་རི་ལས་མཐོ་བའི་ཁྱེད་ཅག་གིས་བདག་ལ་གནང་བ་མང་དྲག་ཅིང་ང་ཡིས་ཁྱེད་ཚོར་སྐུ་དྲིན་འཇལ་བ་ཉུང་དྲག་ཡོད། བཀྲ་ཤིས་དུས་སྟོན་གྱི་ཉིན་མོར་འདིར་ཕྲན་གྱིས་ཁྱེད་ཅག་གི་བཀའ་དྲིན་རི་རྒྱལ་ལྷུན་པོ་ཡིད་ལ་འཁོར་ཞིང་བརྩེ་བའི་ཞིབ་མངར་མཚོ་མོ་དྲན་པས་གདུང་ཡོང་། ཡིན་ནའང་ཕྲན་གྱིས་བཅོས་མིན་གྱི་སེམས་པ་དྭངས་མོར་ཁྱེད་ཅག་གི་བརྩེ་འཛུམ་གྱིས་ཕྱུག་པའི་ཞལ་རས་རྣམས་རེ་རེ་བཞིན་སྒོམ་རྒྱུ་ལས་ཐབས་གཞན་མ་རྙེད། དགེ་རྒན་རྣམ་པ་ལགས། བཀའ་དྲིན་ཆེ། ཕྲན་ཚེ་ཚེ་རབས་རབས་ཏུ་ཁྱེད་ཅག་དང་མི་འབྲལ་བར་གྱུར་ཅིག

མཐར་གུས་པས་སོར་བཅུའི་ཐར་མོ་སྙིང་ཀར་སྦྱར་ནས་འདི་དང་ཚེ་རབས་ཀུན་ནས་བསགས་པའི་རྣམ་དཀར་དགེ་བའི་ཆ་ཐམས་ཅད་ཁྱེད་དགེ་བའི་བཤེས་གཉེན་རྣམས་ཀྱི་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་རྒྱུ་བསྔོ།།
ཁ་དྲོ་བཀྲ་ཤིས།

༢༠༡༦/༩/༡༠ཉིན་ཧྲན་ཡང་རྒྱལ་སྐྱོང་ཆོས་འཁོར་གླིང་ནས་སློབ་བུ་དྲ་མིང་ལ་ཧི་མ་ལའི་ལྗང་མྱུག་ཏུ་འབོད་པས་ཤར་མར་བྲིས།