བཀུར་འོས་པའི་ཁྱིམ་བདག་རྣམ་པ།

ཁམས་བཟང་།སློབ་གྲྭ་དང་ཁྱིམ་ཚང་མཉམ་འབྲེལ་འོག་སློབ་མ་ཚོས་བདེ་འཇགས་འཆམ་མཐུན་ངང་སློབ་སྐབས་ཤིག་ཕར་ལ་བསྐྱལ་ཞིང་།2024ལོའི་དབྱར་གནང་གི་སྐབས་སུའང་། སློབ་མའི་བདེ་འཇགས་ལ་མུ་མཐུད་དུ་གཙིགས་ཆེན་དང་།སློབ་མའི་ལུས་སེམས་ཀྱི་འགྱུར་ལྡོག་ལ་དོ་ཁུར།ཁྱིམ་ཚང་དང་སློབ་གྲྭ་དབར་གྱི་འབྲེལ་འདྲིས་ཇེ་ལེགས་སུ་གཏོང་བ་བཅས་ནི་ང་ཚོ་ཐུན་མོང་གི་འགན་འཁྲི་ཡིནཔས།དབྱར་གནང་སྐབས་སུ་སློབ་མ་རྣམས་ལ་བདེ་འཇགས་དོན་རྐྱེན་མི་འབྱུང་བར་ཁག་ཐེག་བྱ་ཆེད།ཁྱེད་ཁྱིམ་བདག་དག་གིས་ཀྱང་དབྱར་གནང་སྐབས་སུ་རང་གི་བྱིས་པར་བདེ་འཇགས་སློབ་གསོ་གཏོང་རྒྱུ་ནི་སློབ་གྲྭའི་རེ་བ་ཡིན།

དང་པོ།ཆུར་བྱིང་བ་སྔོན་འགོག་ལ་དོ་སྣང་བྱེད་དགོས།

བུ་ཕྲུག་ལ“མི་རུང་བ་དྲུག”གི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཏེ།“མི་རུང་བ་དྲུག”ནི།གཅིག་པུར་ཆུ་ལ་རྐྱལ་མི་རུང་བ་དང་།རང་དགར་མི་གཞན་དང་འགྲོགས་ནས་ཆུ་ལ་རྐྱལ་མི་རུང་བ།ཁྱིམ་བདག་གི་སྣེ་ཁྲིད་མེད་པའི་གནས་ཚུལ་འོག་ཆུ་ལ་རྐྱལ་མི་རུང་བ།བདེ་འཇགས་སྒྲིག་ཆས་དང་རོགས་སྐྱོབ་མི་སྣ་མེད་པའི་ཆུ་ཁོངས་སུ་བསྐྱོད་དེ་ཆུ་ལ་རྐྱལ་མི་རུང་བ། གཏིང་ཚད་གསལ་པོ་མི་ཤེས་པའི་ཆུ་ཁོངས་སུ་བསྐྱོད་དེ་ཆུ་ལ་རྐྱལ་མི་རུང་བ།རྐྱལ་མི་ཤེས་ན་ཆུར་ལྷུང་མཁན་སྐྱོབ་ཏུ་འགྲོ་མི་རུང་བ་བཅས་སོ།ལྷག་པར་དུ་གམ་གྱི་གྲོགས་པོ་ཆུ་ནང་དུ་ལྷུང་དུས་ལག་རྡང་སྦྲེལ་ཏེ་རྨོངས་ཚོད་ཀྱིས་སྲོག་སྐྱོབ་རྩིས་བྱེད་མི་རུང་བར།ཐབས་བཀོད་ལེགས་པོ་འཐེན་ཏེ་མྱུར་སྐྱོབ་བྱེད་པ་དང་མྱུར་དུ་མི་དར་མ་བཙལ་དགོས་པའི་སློབ་གསོ་གཏོང་དགོས།དེ་དང་ཆབས་ཅིག“ཤེས་དགོས་པ་བཞི”སྟེ།གནས་གང་དུ་སོང་བ་དང་འགྲོ་རོགས་སུ་ཡིན་པ།ནམ་ཞིག་ཕྱིར་ལོག་པ།འགྲོ་དོན་ཅི་ཡིན་པ་བཅས་ཁྱིམ་བདག་རྣམ་པས་གསལ་པོར་ཤེས་དགོས།

གཉིས།འགྲིམ་འགྲུལ་བདེ་འཇགས་ཡིད་ལ་དམ་པོར་འཛིན་དགོས།དབྱར་གནང་སྐབས་སུ་ཡུལ་སྐོར་དུ་སྐྱོད་སྐབས།ཕྲུ་གུ་ཚོར་འགྲིམ་འགྲུལ་སྒྲིག་སྲོལ་བརྩི་སྲུང་དང་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱ་དགོས་པའི་སློབ་གསོ་གཏོང་དགོས།གཞུང་ལམ་རྒལ་སྐབས་འགྲིམ་འགྲུལ་བརྡ་གཏོང་གློག་སྒྲོན་གྱི་མཛུབ་སྟོན་ལྟར་མི་བགྲོད་འཕྲེད་ལམ་དུ་བསྐྱོད་དགོས་པ་ལས།གཞུང་ལམ་དུ་རྩེད་འཇོར་རོལ་བའམ་བདའ་རེས་བྱེད་མི་རུང་ཞིང་། འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་འཁོར་ཁ་བརྟན་མོར་བསྒགས་རྗེས་ད་གཟོད་གོ་རིམ་བཞིན་མར་འབབ་པ་དང་ནང་ལ་འབུད་དགོས།ལོ་ན་བཅུ་གཉིས་མན་གྱི་སློབ་མས་ལྕགས་རྟ་བསྐོར་མི་ཆོག་པ་དང་།ལོ་བཅུ་དྲུག་མན་གྱི་སློབ་མས་གློག་སྒུལ་འཁོར་ལོ་བསྐོར་མི་ཆོགབུ་ཕྲུག་ལ་ལྷུ་སྒྲིག་རླངས་འཁོར་དང་རྙིང་དོར་རླངས་འཁོར།ཞིང་སྤྱོད་རླངས་འཁོར།དངོས་ཟོང་སྐྱེལ་འདྲེན་རླངས་འཁོར་སོགས་ཁྲིམས་དང་མི་མཐུན་པའི་སྐྱེལ་འདྲེན་རླངས་འཁོར་དུ་སྡོད་མི་རུང་བའི་སློབ་གསོ་གཏོང་དགོས།

གསུམ།བཟའ་བཅའི་བདེ་འཇགས་ལ་སྣང་མེད་བྱ་མི་རུང་།

དབྱར་དུས་དྲོད་ཚད་མཐོ་ཞིང་འབུ་ཕྲ་སྐྱེ་འཕེལ་སླ་བས།ཟས་དུག་ཕོག་པ་སོགས་ཀྱི་དོན་རྐྱེན་འབྱུང་སླ།ཕྲུ་གུར་བཟའ་བཏུང་གི་འཕྲོད་བསྟེན་བདེ་འཇགས་ལ་དོ་སྣང་བྱ་དགོས་པའི་སློབ་གསོ་བཏང་སྟེ།ཟས་སྐོམ་ཚོད་མེད་དུ་སྤྱོད་པར་འཛེམ་པ་དང་།གཙང་མར་བཀྲུས་མེད་པའི་ཤིང་འབྲས་མི་ཟ་བ།“མེད་པ་གསུམ”གྱི་ཟས་རིགས་དང“དུས་ཚོད་ཡོལ་བའི”ཟས་རིགས་མི་ཟ་བ།བཏུང་བ་འཁྱག་པའི་རིགས་ཚོད་མེད་དུ་མི་འཐུང་བ།ཟས་དུག་ཕོག་པ་དང་དབྱར་དུས་ཀྱི་རྒྱུ་མའི་འགོས་ནད་འབྱུང་བ་སོགས་སྔོན་འགོག་བྱེད་དགོས།

བཞི།སེམས་ཁམས་བདེ་ཐང་ལ་དོ་ཁུར་བྱ་དགོས།

ཁྱིམ་བདག་ནི་ཕྲུ་གུ་ནར་སོན་གྱི་བརྒྱུད་རིམ་ཁྲོད་ཀྱི་རྒྱབ་རྟེན་ཆེན་པོ་དེ་ཡིན་པས།ཁྱིམ་བདག་གིས་རང་ཉིད་ཀྱི་གནོན་ཤུགས་ཐེག་གང་ཐུབ་ངང་སེམས་ཁམས་ཀྱི་འཆམ་མཐུན་དང་བརྟན་འཇགས་སྲུང་འཛིན་གང་ལེགས་བྱས་ན།ད་གཟོད་བྱིས་པར་བསམ་པའི་རྒྱབ་སྐྱོར་འདང་ངེས་ཤིག་འདོན་སྤྲོད་བྱེད་ཐུབ།གཞན་ཡང་།བྱིས་པར་རེ་བ་མཐོན་པོ་བཏོན་ནས་བྱིས་པའི་སེམས་ཁམས་ལ་གནོན་ཤུགས་སྟེར་མི་རུང་།

ལྔ།རང་གཅུན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།བྱིས་པ་དྲ་བར་ཞུགས་པའམ་བརྙན་འཕྲིན་ལ་ལྟ་བའི་དུས་ཡུན་རིང་མི་རུང་ཞིང་མཐོང་ནུས་སྲུང་སྐྱོང་བྱེད་དགོས།བྱིས་པར་དྲ་ཁང་དུ་མི་འགྲོ་བ་དང་གྲོགས་སྒྲིག་དུས་གཟབ་གཟབ་བྱེད་དགོས་པའི་སློབ་གསོ་གཏོང་དགོས།ཁྱིམ་དུ་དྲ་ཐོག་སློབ་སྦྱོང་དང་རོལ་རྩེད་རྩེ་སྐབས་ནར་མ་སོན་པའི་མིར་མི་འཚམ་པའི་དྲ་ཚིགས་སུ་ཐོ་འགོད་མི་བྱེད་པ་དང་དྲ་ཚིགས་དེའི་རིགས་ཀྱི་ཁ་འབྱེད་མི་རུང་བའི་སློབ་གསོ་གཏོང་དགོས།བྱིས་པས་རྒྱུན་ལྡན་གྱི་ངལ་གསོའི་དུས་ཚོད་རྒྱུན་འཁྱོངས་བྱེད་པར་ལྟ་སྐུལ་བྱེད་པ་དང་། ཉིན་རེའི་ངལ་གསོའི་དུས་ཚོད་རེའུ་མིག་བཟོས་ཏེ།ཉིན་རེའི་སློབ་སྦྱོང་དང་ལུས་ཕུང་སྦྱོང་བརྡར།ངལ་གསོ།རོལ་རྩེད་བཅས་ཀྱི་འཆར་གཞི་བཀོད་སྒྲིག་ལེགས་པོ་བྱེད་པ་དང་།ནངས་སྔ་ལངས་དང་དགོང་སྔ་ཉལ་བྱས་ཏེ་དགོང་མོར་ཉལ་དུས་ཆུ་ཚོད22:00ཡན་ལས་མི་འགོར་བ་དང་ཉིན་རེར་གཉིད་ལོག་པའི་དུས་ཚོད་ཆུ་ཚོད9འདང་ངེས་པ་ཁག་ཐེག་བྱ་དགོས།“གཉིད་ཀྱི་དོ་དམ”བརྒྱུད།ཕྲུ་གུའི་རང་གཅུན་དང་རང་ཉིད་དོ་དམ་གྱི་འདུ་ཤེས་གསོ་སྐྱོང་བྱེད་དགོས།

དྲུག ཁྱིམ་དུ་སྡོད་སྐབས་ཀྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས།ཁྱིམ་བདག་རྣམ་པས་ཁྱིམ་ཚང་གི་ཉི་ཁྱམས་དང་སྒེའུ་ཁུང་།ཁང་བརྩེགས་ཀྱི་ཀླད་སོགས་ཀྱི་བདེ་འཇགས་དོགས་ཟོན་བྱ་བ་ཡག་པོར་བསྒྲུབས་ཏེ།བྱིས་པར་ཡར་མི་འགོ་བ་དང་སྒེའུ་ཁུང་སོགས་ལས་དངོས་རྫས་མར་གཡུག་མི་རུང་བའི་སློབ་གསོ་གཏོང་དགོས།བྱིས་པར་ཆིང་རླུང་སྤོ་ལོ་དང་ཚོང་རྫས་ཐུམ་སྒྲིལ་རུལ་འགོག་སྨན་རྫས།སྐེམ་རྫས་སོགས་འབར་སླ་བ་དང་དུག་ལྡན་དངོས་རྫས་རང་དགར་མི་སྤྱོད་པའི་སློབ་གསོ་གཏོང་དགོས།བྱིས་པར་ཁ་སྣ་དང་རྣ་ནང་དུ་དངོས་པོ་དགོས་མིན་སྣ་ཚོགས་གང་འདོད་དུ་འཇུག་མི་རུང་བ་དང་།མགོ་དང་སྐེ་ལ་གང་འདོད་དུ་དངོས་པོ་མི་དཀྲི་བའི་སློབ་གསོ་གཏོང་དགོས། བྱིས་པར་ཁྱིམ་སྤྱོད་གློག་ཆས་བེད་སྤྱོད་ཡང་དག་བྱེད་ཚུལ་ཁྲིད་སྟོན་བྱེད་དགོས།ཁྱིམ་བདག་ཁྱིམ་དུ་མེད་དུས་བྱིས་པར་རང་བྱུང་སོལ་རླངས་དང་གཤེར་རླངས་ཐབ་ཆས་སོགས་མི་སྤྱོད་པ་དང་།བསྒར་ཁུང་དང་བསྒར་སྣེ་བཀྲོལ་མི་རུང་བའི་ཁ་ཏ་གནང་དགོས།གློག་སྐུད་གང་བྱུང་དུ་མི་འཐེན་པ་དང་བསྒར་ཁུང་གང་བྱུང་དུ་མཐུད་མི་རུང་ཞིང་།བྱིས་པའི་ལག་པ་དང་གྲི་ཆུང་སོགས་བསྒར་ཁུང་ནང་དུ་བཙུགས་ནས་རྩེད་མོ་རྩེ་བར་དོགས་ཟོན་བྱ་དགོས།

མཐར་ཁྱེད་དང་ཁྱེད་ཀྱི་བྱིས་པར་དབྱར་གནང་སྐབས་སུ་ལུས་སེམས་བདེ་ཐང་དང་ཁྱིམ་ཚང་སྤྲོ་སྐྱིད་ལྡན་པར་སྨོན།