—རྩེ་རི་འཇམ་དབྱངས་ཐེག་མཆོག

བསྐལ་བཟང་རྒྱལ་བའི་ཉིན་བྱེད་ཤཱཀྱའི་སྲས་པོ།།

སྙིགས་དུས་སྟོན་པ་གཉིས་པ་བློ་བཟང་གྲགས་པ།།

གངས་ཅན་འགྲོ་བའི་བླ་མ་སྐལ་ལྡན་རྒྱ་མཚོ།།

བདག་ཅན་སྐྱབས་གནས་འདི་གསུམ་འཛིན་པས་སྐྱོངས་ཤིག །

ནགས་ཀླུང་གསེར་གྱི་པདྨོ་བཞད་པའི་ལྡིང་ཁང་།།

དུང་གི་བུང་བ་མྱོས་པའི་གླུ་དབྱངས་མཁན་པོ།།

རིག་པའི་གོ་ཆ་བརྟན་པའི་གཞོན་ནུ་ཁོ་བོ།།

ཚིག་གི་མཆོད་སྦྱིན་འདི་ལ་རིང་ནས་སྤྲོ་སྤྲོ།།

བྲག་དཀར་འཇིགས་མཛད་རྡོ་རྗེ་རྫོང་གི་གནས་ལ།།

སྨྲ་བསམ་བརྗོད་དུ་མེད་པའི་འཆར་ཡན་འདྲེས་ཤིང་།།

རིག་འཛིན་འབུམ་ཕྲག་གོང་མའི་དོན་དམ་མགུར་མ།།

ཉམ་ངའི་རླབས་ཕྲེང་རྩེ་རུ་གཅིག་པར་བབས་ཚེ།།

ཀུན་མཁྱེན་གྲུབ་པའི་དབང་བོ་འཇམ་མགོན་སངས་རྒྱས།།

གཉིས་པའི་སྐུ་ཞབས་དྲུང་གི་ཟུར་གསལ་ལྟར་གྱི།།

ཞུ༵་འཕྲི༵ན་འདེགས་པ་ཆེད་མངགས་ཕོ༵་ཉ༵་གཞོ༵ན་ནུ༵།།

དོ༵ན་རབ་གྲུ༵བ་པ་སྐབས་བབ་གཏམ་དང་བཅས་འཕེལ།།

འཇམ་དབྱངས་བློ་བཟང་དཔལ་བས་སེམས་འཕྲིན་བསྐུར་གནས།།

སྙན་བརྒྱུད་གདམས་པའི་གཏེར་མཛོད་ཁྲི་ཆེན་ཚང་སྟེ།།

འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དགུང་ལོ་སོ་གསུམ།།

ཐུགས་བསྐྱེད་སྨོན་ལམ་བཏབ་སྟེ་ཞབས་ཀྱིས་བཅགས་ཤིང་།།

བཞུགས་སྤྲོ་ཉམས་མཛད་ཁོང་ཉིད་དགུང་ལོ་ང་བདུན།།

རབ་བྱུང་བཅོ་ལྔ་ཆུ་ཁྱི་བརྒྱད་པའི་ཉེར་ལྔར།།

མཁའ་འགྲོ་འདུ་བའི་དུས་ཀྱི་ཁྱད་པར་ཅན་ལ།།

གནས་འདིར་ཕེབས་ཏེ་བསང་དང་དཀར་གཏོར་བསྔོ་བ།།

དར་སེར་ཞིག་ལ་བསླུ་མེད་བླ་མ་མ་བྲིས།།

བྲག་ལ་འཛུགས་མཛད་མཚན་ལྟོས་བཀྲ་ཤིས་མང་བྱུང་།།

རྒྱབ་རིའི་བྲག་དཀར་གཟིགས་ནས་རྡོ་རྗེ་འཇིགས་བྱེད།།

འགྱིང་སྟབས་གནས་གཤམ་ཆོས་རྒྱལ་ཕྱི་ནང་གསང་གསུམ།།

བཀའ་སྲུང་ཚུལ་འཁོད་གནས་མཆོག་ཁྱད་པར་གསུང་འཕྲོས།།

ཡོངས་འཛིན་སྒིའུ་སྟེང་བློ་བཟང་དཔལ་ལྡན་རྗེ་ཉིད།།

ལྷ་རྫས་དང་བཅས་དགོན་འདིར་མཚན་གསོལ་བཀའ་ཕེབས།།

འཇིགས་མཛད་རྡོ་རྗེ་རྫོང་ཞེས་གསོལ་བ་འདི་ཉིད།།

ཡི་དམ་ཁྱད་པར་འཕགས་པ་གོར་མ་ཆག་གོ།།

ལུས་ཀྱི་སྟེང་ཀ་དཀྲུགས་པའི་བརྡ་རྒྱུད་གཞས་ཆུང་།།

དབྱངས་ཅན་ཕྱག་གིས་དཀྲོལ་བའི་ཟེའུ་འབྲུའི་དྭངས་མ།།

སུ་ཡིས་མཛེས་པ་དཀར་པོས་ཉམས་སུ་མྱོང་ན།།

མགྲིན་པའི་བུ་གར་ཆགས་པའི་ཉོན་ཡིད་རྟོགས་ཚོགས།།

ཅི་དགར་རང་འགར་ཡན་པའི་མ་ཤེས་ས་བོན།།

སྙིང་རྗེའི་རྩ་བརྟན་བྱང་སེམས་སྡོང་བོ་རྒྱས་མང་།།

སྤྱོད་པ་ཡལ་གའི་ཁྱོན་ཡངས་ཟུང་འཇུག་འཛོམས་པའི།།

འབྲས་བུ་ཁུར་གྱིས་ལྗིད་པ་འདི་འདྲ་ཞེས་པ།།

བཟའ་ཤིང་ཚོགས་རྣམས་གསང་ཚིག་སྟོན་པ་བཞིན་ནོ།།

ཞེ་ཡི་ཆུ་དམར་ནང་དུ་རླུང་བཞིན་འཐོར་ཏེ།།

འགག་མེད་དབྱངས་ཅན་མ་ཡི་གདངས་ཀྱི་ཆོས་ལ།།

མཛེས་པ་ལྷུམས་སུ་ཞུགས་པའི་བདེ་བའི་དྭངས་མ།།

ཚེ་རབས་སྟོང་ལ་བསགས་བཞིན་ཕ་མཐའ་བྲལ་བའི།།

སྲིད་དང་ཞི་བའི་སྙན་པ་ཅིག་ཅར་བྲིས་འདྲའི།།

སྙན་ངག་འདི་ཡི་བྱིན་རླབས་ཡིད་ལ་ཞུགས་ཏེ།།

སྐྱོ་དང་སྡུག་གི་འཁོར་བའི་འབབ་ཚིགས་ཀུན་ཡང་།།

དྲི་ཟའི་རོལ་མོའི་ཟོལ་དུ་ལྷང་ངེར་བབས་ཤིང་།།

སྙིང་དང་མཆིན་པའི་ངམ་ཁ་ཡོམ་བོར་བཏང་སྟེ།།

ཏིང་འཛིན་རིག་པའི་ངང་ལ་མཉམ་པར་ཞུགས་ཚེ།།

སྒྱུ་འཕྲུལ་བདེ་བའི་གནས་ལ་ཚེགས་མེད་འཇུག་ངེས།།

གན༵ས་འདིར་ངོ་མཚར་རྨད་བྱུང་ཡོན་ཏན་རྣམས་དཔྱད།།

གན༵ས་མཆོག་ཀུན་གྱི་ཕུན་ཚོགས་གཅིག་ཏུ་བསྡུས་བཞིན།།

གན༵ས་སྐབས་རྣལ་འབྱོར་བདེ་བའི་ཡོ་བྱད་ཀུན་ཚང་།།

གན༵ས་གཞན་དག་ཏུ་བཙལ་ཡང་འདི་འདྲ་རྙེད་དཀའ།།

འད༷མ་ལས་སྐྱེས་པ་འད༷མ་གྱིས་མ་གོས་བཞིན་དུ།།

འཁོ༷ར་བར་གནས་ཀྱང་འཁོ༷ར་བའི་ཉེས་སྐྱོན་དག་པ།།

འཛི༷ན་པ་མིན་ཞེས་འཛི༷ན་མའི་དཀྱིལ་འཁོར་དེ་ནི།།

འོ༷ག་གཞི་པདྨ་འོ༷ག་ཏུ་བཏིང་བའི་འདྲ་བའོ།།

ཞེས་ཆོས་སྡེ་ཆེན་པོ་བྲག་དཀར་འཇིགས་མཛད་རྡོ་རྗེ་རྫོང་དགོན་པའི་ཁོར་ཡུག་གི་བསྔགས་བརྗོད་འཇིགས་བྱེད་དགྱེས་པའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི། མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་ཤིང་རྟ་བ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་ཡང་སྤྲུལ་བསྟན་འཛིན་འཇིགས་མེད་སྐལ་ལྡན་མཆོག་གི་ཞལ་སྔ་ནས་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཕྱག་བཏབ་གནང་ཞིང་། ཡོངས་འཛིན་སྒིའུ་སྟེང་བློ་བཟང་དཔལ་ལྡན་གྱི་སྙན་ངག་གི་བརྩམས་ཆོས་གྲགས་ཅན་ཕོ་ཉ་གཞོན་ནུ་དོན་གྲུབ་གནས་འདི་ནས་ལེགས་འགྲུབ་བྱུང་བ་ཡིན་ཞིང་། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་། ཨ་རོལ་ལུང་རྟོགས་བསྟན་པའི་རྒྱལ་མཚན། དཔྱི་ས་དཀོན་མཆོག་བློ་གྲོས་རྒྱ་མཚོ། མཁས་དབང་ཚེ་ཏན་ཞབས་དྲུང་སོགས་བསྟན་འཛིན་གྱི་སྐྱེས་བུ་གསེར་རིའི་ལྷུན་པོ་འདྲ་བ་དུ་མས་ཞབས་ཀྱིས་བཅགས་མྱོང་བའི་གདན་ས་བྲག་དཀར་འཇིགས་མཛད་རྡོ་རྗེ་རྫོང་དགོན་པ་ནས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཕ་ཆོས་ཐུན་མོང་མ་ཡིན་པ་བཅོམ་ལྡན་འདས་ཡི་དམ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པ་བདུད་ལས་རྣམ་རྒྱལ་གྱི་སྨིན་བྱེད་དབང་བཞིའི་རིམ་པ་དམ་པ་གོང་མའི་ཕྱག་བཞེས་ཇི་ལྟ་བ་བཞིན་ལེགས་པར་ཐོབ་པའི་སྐལ་བཟང་མངོན་པར་ཤར་བ་དང་སྦྲགས། རབ་འབྱམས་རྒྱལ་བའི་སྤྱི་གཟུགས་བཀའ་དྲིན་མཚུངས་མེད་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་འཇམ་དབྱངས་ཆོས་འཕེལ་མཆོག་གི་ཞལ་སྔ་ནས་ཀྱི་ཞབས་རྡུལ་སྤྱི་བོས་བླངས་པའི་རྨོངས་རྟུལ་གྱི་ན་བ་རྩེ་རི་འཇམ་དབྱངས་ཐེག་མཆོག་གིས། ཡོངས་སུ་མ་གྲགས་པའི་བརྡ་དང་དངགས་དམ་པོས་མ་བཅིངས་པར་ཐུན་མོང་དུ་གོ་སླ་བ་གཙོ་བོར་བྱས་ཏེ། རབ་བྱུང་བཅུ་བདུན་པའི་ཆུ་མོ་ཡོས་ལོའི་མཛེས་བྱེད་དེ་ཁྲུམས་སྟོད་ཟླ་བའི་ཚེས༡༨ལ། རེ་སྐོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་རེབ་གོང་གོང་བ་མཛེས་པའི་རྒྱན་གཅིག་ཆོས་རྫོང་ར་བ་དཀར་པོ་ལས་རང་ཤག་གི་གཟིམ་ཆུང་སྐལ་ལྡན་དཔེ་སྤུངས་དགའ་འཁྱིལ་དུ་སྦྱར་བ་ཛཡནྟུ།