རྒྱང་བཞུད་ཀྱི་འབྲོག་ཁྱི།   远去的藏獒 ༼མཚན་བསྒྱུར།༽

美友1454075

རྒྱང་བཞུད་ཀྱི་འབྲོག་ཁྱི།   远去的藏獒 ཡོད་ཚད་ཀྱི་འབྱུང་གནས་ནི་ཕྱིར་དྲན་ཏེ་ངའི་ཨ་ཕ་དང་ད་དུང་འབྲོག་ཁྱི།          ང་རང་ལོ་ན་བདུན་སོན་པའི་སྐབས་དེར། ཨ་ཕས་གཙང་གསུམ་འགོ་ཁུངས་ཀྱི་ཡུལ་ཤུལ་རྩྭ་ཐང་ནས་ང་དང་ཕུ་བོ་ལ་འབྲོག་ཁྱི་ཆུང་ཆུང་ཞིག་ཁྲིད་ནས་སླེབས་ཤིང་། ང་ཚོར་འབྲོག་ཁྱི་ནི་བོད་མི་དམངས་ཀྱི་གཅེས་ནོར་ཡིན་ལ། ཁོས་ཅི་ཡང་བསྒྲུབ་ནུས་པས་ཁྱོད་ཚོས་དེ་གསོ་སྐྱོང་ཡག་པོ་བྱོས་ཟེར། ཡིད་སྐྱོ་བ་ཞིག་ལ། འབྲོག་ཁྱི་ཆུང་ཆུང་དེ་ངེད་ཕུ་ནུ་གཉིས་ལ་སྤྲོ་སེམས་མི་འདུག ངེད་གཉིས་ཀྱིས་ཉི་མ་རེ་རེ་བཞིན་དེ་ལ་ཟ་མ་བྱིན་ན་ཡང་འབྲོག་ཁྱི་ཆུང་ཆུང་དེ་ནམ་ཡང་རང་བསམ་གྱིས་ངེད་གཉིས་ཀྱི་ཉེ་སར་མི་བཅར་བར་མ་ཟད་བཅོས་འཛུམ་དང་རྔ་གཡུག་དེ་བས་ཀྱང་མི་བྱེད་པས་ཟླ་ཕྱེད་ཀྱི་རྗེས་སུ་དེ་ཧ་པ་ཁྱི་ཕྲུག་ཅིག་ལ་བརྗེས་པ་ཡིན། ཨ་ཕས་ཤེས་རྗེས་ཁོང་ཁྲོང་ལངས་མོད། ངེད་གཉིས་ལ་ཕྱིར་བརྗེ་རུ་མ་བཅུག ཉིན་གཉིས་འདས་རྗེས་འབྲོག་ཁྱི་ཆུང་ཆུང་དེ་རང་བསམ་གྱིས་ཕྱིར་རྒྱུགས་འོངས་པས་ཨ་ཕ་ཤིན་ཏུ་དགའ་འདུག ང་ཚོར་ངས་སྔོན་ནས་ཁྱི་ཕྲུག་འདི་ཕྱིར་ཡོང་རྒྱུ་ཡིན་པ་ཤེས་ཡོད། འདི་ལ་ད་གཟོད་བློ་དཀར་བ་ཟེར་ཞེས་སློབ་གསོ་གནང་། ཡིན་ན་ཡང་ངེད་གཉིས་སྔར་བཞིན་འབྲོག་ཁྱི་ཆུང་ཆུང་དེར་དགའ་སྣང་མ་སྐྱེས་ཤིང་ཁ་སློང་ནས་རྩེད་རོགས་ཀྱང་མ་བྱས་པར་མ་ཟད་ད་དུང་ལྟོ་ཡང་ཐུན་རེར་སྟེར་ཞིང་ཐུན་རེར་ཆག་ཏུ་བཅུག   ཨ་ཕས་ཁྱོད་གཉིས་ངའི་བུ་ཞིག་དང་མི་འདྲ། དངོས་ནས་འབྲོག་ཁྱི་ཆུང་ཆུང་འདིར་མི་དགའ་ན་ངས་ཕྱིར་རྩྭ་ཐང་ལ་བསྐྱེལ་རྒྱུ་ཡིན། འབྲོག་ཁྱི་ཆུང་ཆུང་ཡང་འདིར་ལོབས་ཀྱིན་མེད་པས་ཕ་ཡུལ་དྲན་ནས་སྙིང་སྟོབས་ཀྱང་ཟད་འདུག་ཟེར། ཨ་ཕ་ཕྱིར་རྩྭ་ཐང་དུ་ལ་ཕེབས་ཤིང་དེ་ནི་ཁོའི་ཕྱག་ལས་གནང་ས་ཡིན། སྐད་ཅིག་ཉིད་ལ་འབྲོག་ཁྱི་ཆུང་ཆུང་དེ་ང་ཚོར་ཁ་གྱེས་ནས་ལོ་ངོ་བཅུ་བཞི་འདས།    ལོ་ངོ་བཅུ་བཞིའི་ནང་ང་རང་དམག་ཞུགས་དང་། དམག་ཁུངས་ནས་ཕྱིར་ཐོན།དེ་ནས་སློབ་གྲྭ་ཆེན་མོར་ཞུགས་ཤིང་སློབ་མཐར་ཕྱིན་རྗེས་མཚོ་སྔོན་ཉིན་རེ་ཚགས་པར་ཁང་དུ་གསར་འགོད་པའི་བྱ་བ་གཉེར་བ་བཅས་བརྒྱུད་པ་ཡིན། ཐོག་དང་བོར་འབྲོག་པའི་ས་ཁུལ་ལ་བཅར་འདྲིར་འགྲོ་སྐབས། གཙང་གསུམ་མགོ་ཁུངས་ནས་བྱ་བ་བསྒྲུབས་ཏེ་ཕྱིར་ཟི་ལིང་ལ་འབྱོར་བའི་ཨ་ཕས་ང་ལ། འབྲོག་པའི་ས་ཁུལ་ལ་བཅར་འདྲིར་འགྲོ་ན། གཅིག་ནས་འབྲོག་པའི་འཚོ་བར་གོམས་དགོས་ཏེ། འབྲོག་ཟས་ཤ་བཙོས་མ་དང་རྩམ་པ། སྤྲི་ཆུར་དག་ཟ་ཤེས་རྒྱུ་དང་། གཉིས་ནས་འགྲོ་འོང་སུ་རྟ་བཞོན་ཤེས་དགོས། དེ་མིན་ཁྱོད་རང་གོམ་གང་ལའང་འགྲོ་དཀའ། གསུམ་ནས་འབྲོག་ཁྱི་ལ་ལོབས་དགོས། ཁྱོད་རང་འབྲོག་ཁྱིར་དགའ་དགོས་ལ་འབྲོག་ཁྱི་ཡང་རང་ལ་དགའ་རུ་འཇུག་དགོས། དེ་ལྟར་མ་བྱས་ན་འབྲོག་པ་ཚོ་ཁྱོད་ལ་ཡིད་ཆེས་སུ་འཇུག་མི་ཐུབ། ཁྱོད་ཀྱིས་རྟ་མགྲིན་སྐྱབས་འཚོལ་དང་ངས་ཁོ་ལ་གྲོས་བྱས་ཏེ་ཁྱོད་ལ་སློབ་ཏུ་འཇུག་ཅེས་བཤད། ངས་ཨ་ཁུ་རྟ་མགྲིན་སྐྱབས་ངོ་ཤེས་ཏེ་ཁོ་ནི་ངའི་ཨ་ཕའི་ཁང་བདག་ཡིན་ལ་ཨ་ཕས་ཁོ་ངེད་ཚང་ལ་ཁྲིད་ཡོང་མྱོང་།      ང་རང་རླངས་འཁོར་ནས་མར་བབས་རྗེས་ལམ་བར་དུ་ཨ་ཁུ་རྟ་མགྲིན་སྐྱབས་ཚང་གི་དུད་ཁྱིམ་རྩད་གཅོད་བྱེད་བཞིན་སོང་བ་ཡིན། སྐབས་དེར་ཐག་རིང་ན་ཧ་ཅང་སྟོབས་ཆེ་བའི་འབྲོག་ཁྱི་ནག་པོ་ཞིག་ངའི་ཕྱོགས་སུ་རྒྱུགས་ཡོང་བ་མཐོང་། རྐང་ལག་བཞི་ས་རུ་རྡབ་པས་གནམ་ས་འགུལ་བའི་ལྡིར་སྒྲ་ཞིག་གྲགས་ཤིང་། འབྲོག་ཁྱི་དེས་སྦོམ་ཞིང་ལྕི་བའི་ལྕགས་ཐག་ཅིག་སིལ་སིལ་དུ་རྗེས་སུ་འདྲུད་བཞིན། དེའི་སྣེར་བཏགས་པའི་ཤིང་ཕུར་དེ་ཡང་ཐག་སྒྲ་དང་བཅས་སྐབས་རེར་གནམ་ལ་ཡར་ཞིང་ལེན་རེར་ས་ལ་འདྲུད་བཞིན་ངའི་ཕྱོགས་སུ་རྒྱུགས་འོང་། སྐབས་དེར་དུད་ཁྱིམ་ཞིག་ནས་རྒན་རྒོན་གཉིས་སྒོར་རྒྱུགས་བྱུང་། མིག་མདུན་གྱི་གནས་ཚུལ་དེ་མཐོང་འཕྲལ་སྐད་གསེང་མཐོན་པོས་ཁྱི་རྒན། ཁྱི་རྒན། ཞེས་བོས་ཀྱང་ཁྱི་ནག་དེས་ཕལ་ཆེར་ཐོས་ཀྱིན་མེད་པ་འདྲ། སྔར་ལས་ལྷག་པའི་གཏུམ་དྲག་གིས་ངའི་ཕྱོགས་སུ་རྒྱུགས་ཤིང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཏེ་ཏག་ཏག་གོམ་པ་བཅུ་ཙམ་ཡོད་མེད་དུ་གྱུར། རྒན་རྒོན་གཉིས་ཀྱིས་ཁྱི་ནག་གི་རྗེས་བདའ་ཡོང་ཡང་ཁོ་ཚོའི་བར་དུ་གོམ་པ་སུམ་ཅུ་ལྷག་ཡོད་པས་རྩ་བ་ནས་འགོག་ཐབས་མི་འདུག མིག་གིས་བལྟས་བལྟས་ལ་འབྲོག་ཁྱི་དེ་ངའི་སྟེང་དུ་མཆོངས་ལ་ཉེ་སྐབས།རྒན་མོ་དེས་ཨག་སྐད་འབྱིན་བཞིན་ས་ལ་བཙོག་ནས་ལྟ་མི་ཕོད་པ་དང་འདྲ་པར་ལག་པ་གཉིས་གདོང་ལ་བཀབ། རྒན་པོ་དེས་ཁོབ་སྒྲ་དང་བཅས་པུས་མོ་ས་ལ་བཙུགས་ནས་ནམ་མཁའི་དབྱིངས་སུ་དཀོན་མཆོག་གསུམ་པོ་མཁྱེན། དཀོན་མཆོག་གསུམ་པོ་མཁྱེན། ཁྱི་རྒན་གྱིས་མི་གསོད་རྒྱུ་རེད། མྱུར་མོར་མགོན་སྐྱབས་གནང་རོགས་ཞེས་གསོལ་བ་བཏབ། ང་རང་ཧ་ཅང་འཇིགས་སྣང་ངང་ཅི་ཞིག་བྱེད་དགོས་པ་མི་ཤེས་པར་གྱུར། འོན་ཀྱང་སུས་ཀྱང་ཡིད་ལ་མ་ཤར་བ་ཞིག་ལ་ང་དང་བར་ཐག་གོམ་པ་གཉིས་ལས་མེད་སྐབས་འབྲོག་ཁྱི་དེ་གློ་བུར་དུ་ས་ལ་བསྡད་དེ་འགུལ་ཙམ་ཡང་མི་བྱེད་པར་ང་ལ་ཅེར་ནས་བསྡད། རྒན་པོ་དེ་རྒྱུགས་ཡོང་ནས་ལྕགས་ཐག་གི་སྣེ་ནས་འཇུས་ཤིང་སྟོབས་ཆེ་བའི་འབྲོག་ཁྱིའི་མགོ་ནས་བཟུང་སྟེ་སར་མནན། ངས་དབུགས་རིང་ཞིག་འཐེན་རྗེས་ཨ་ཁུ་རྟ་མགྲིན་སྐྱབས་ཞེས་ཁོའི་མིང་ནས་བོས། ཨ་ཁུ་རྟ་མགྲིན་སྐྱབས་ཀྱིས་ཞིབ་ཏུ་ང་ལ་བལྟས་རྗེས་གློ་བུར་དུ་ང་ཡིན་པ་ངོ་ཤེས་ཏེ་དམ་པོར་བཟུང་བའི་འབྲོག་ཁྱིའི་མགོ་གཏོང་བཞིན་མ་གཞི་ཁྱོད་རེད་ལ། ཁྱིས་ཁྱོད་མི་འཛིན་ནོ་ཁག་མེད་ཀི་ཟེར།      ཁོ་ཚང་ལ་འགྲོ་སྐབས་ཨ་ཁུ་རྟ་མགྲིན་སྐྱབས་ཀྱིས་ཁྱི་རྒན་གྱིས་ཁྱོད་ངོ་ཤེས་འདུག ཁྱོད་ཀྱིས་ཕལ་ཆེར་ཁྱི་རྒན་འདི་བརྗེད་ཡོད་ན་ཐང་། ཁྱི་རྒན་འདི་ཁྱེད་ཚང་ལ་ཡོང་མྱོང་ཟེར། ངས་ཡུན་རིང་ཞིག་ལ་འདང་བརྒྱབ་རྗེས་ད་གཟོད་ཁྱི་འདི་དེ་དུས་ཀྱི་འབྲོག་ཁྱི་ཆུང་ཆུང་དེ་རེད་དམ། ལོ་བཅུ་བཞི་འགོར་འདུག་ཁྱི་རྒན་གྱིས་ད་རུང་ང་ངོ་ཤེས་སམ་ཞེས་དྲིས། ཨ་ཁུ་རྟ་མགྲིན་སྐྱབས་ཀྱིས་ཁྱི་ནི་མི་ལས་ཡིད་འཛིན་བཟང་བས་ལོ་འཁོར་བཅུ་བཞི་མ་ཟད་ཁྱི་མ་ཤི་བར་དུ་ཁྱོད་རང་ངོ་ཤེས་ངེས། ཁྱོད་ཀྱིས་ལྟོས་དང་ཁྱི་འདིས་ཇི་འདྲའི་ཤུགས་ཆེན་པོ་ཞིག་བཀོལ་ཡོད་དམ། ས་འོག་ཏུ་བརྡབས་པའི་ཕུར་བའང་ཕྱུངས་ཟིན། གལ་སྲིད་ཁྱི་འདིས་ཁྱོད་ངོ་མི་ཤེས་ན་འདི་འདྲའི་ཤེད་ཤུགས་ཆེན་པོ་ཞིག་བཀོལ་མི་སྲིད་ཟེར།   ང་རང་ཨ་ཁུ་རྟ་མགྲིན་སྐྱབས་ཚང་ནས་ཟླ་ཕྱེད་ཙམ་ལ་བསྡད་རྗེས་རྟ་ཞོན་པ་དང་། འོ་ཇ་འཐུང་བ། རྩམ་པ་རྫི་ཚུལ་སོགས་ཤེས་པར་མ་ཟད་ཨ་ཁུ་རྟ་མགྲིན་སྐྱབས་ཀྱི་བུ་བྱམས་པས་ང་རང་ཁྲིད་དེ་གང་ཡིན་སར་སོང་། ད་དུང་བར་སྐབས་དེར་ངས་ཆེས་དོ་སྣང་བྱེད་ས་འབྲོག་གི་ཁྱི་རྒན་དེ་ཡིན་པ་སྨྲས་མ་དགོས། འབྲོག་ཁྱི་ཆུང་ཆུང་དེ་ནི་ཟླ་གཅིག་ཙམ་ལས་ལྟོ་མ་ལྡུག་ཀྱང་ལོ་འཁོར་བཅུ་བཞི་འདས་རུང་ཁྱོད་རང་ངོ་ཤེས་པར་མ་ཟད་ད་དུང་ཁྱོད་ཉིད་རང་གི་གཉེན་མི་ཞིག་ཏུ་བརྩི་ཞིང་། ཁྱོད་ཀྱིས་ཉི་མ་གཅིག་ལ་བཟང་བྱས་ཚེ་ཁྱོད་རང་ཚེ་གང་བོར་ཡིད་ལ་དམ་པོ་འཛིན་པའི་ཁྱི་ཞིག་རེད། ཏག་ཏག་འདི་གཅིག་བུར་བལྟས་ན་ངས་དེ་ལ་གུས་སེམས་སྐྱེས་དགོས་པ་ཤེས་ཡོང་། ངས་རང་ཉིད་ཀྱི་མགོ་བོ་ནང་ལ་བཀུག་ནས་བསམ་གཞིག་བྱེད་དགོས་པ་ཞིག་ལ་ང་ཚོའི་མིའི་རིགས་ནི་བློ་ཁར་འགྱུར་ལྡོག་མང་ཞིང་སྐད་ཆ་ལ་ཆ་འཇོག་མེད་པ། སྐྱ་ལོག་སྔོ་ལོག་ཆེ་ཞིང་ངོ་ཤེས་ཀྱང་མ་རིག་ཁུལ་བྱེད་མཁན་བཅས་ཧ་ཅང་མང་བས་ཡིན་ནམ། ངས་འབྲོག་ཁྱི་ནག་ནག་འདིའི་ཆུང་དུས་ཀྱི་རྣམ་པ་གསལ་ལ་མི་གསལ་པ་ཞིག་ཡིན་པ་དྲན་ཡོང་། ངེད་ཚང་ནས་ངེད་ཕུ་ནུ་གཉིས་ཀྱིས་ཁྱི་ཕྲུག་དེ་གཞན་གྱི་ཧ་པ་ཁྱི་ཕྲུག་ཅིག་ཏུ་བརྗེས་པ་དང་རྗེས་སུ་ཡང་ང་ཚོ་ཁྱི་ཕྲུག་དེ་ལ་མི་དགའ་བ་དང་རྩེད་རོགས་ལ་མ་མོས་པ། ད་དུང་ལྟོའང་ཐུན་རེར་སྟེར་ཞིང་ཐུན་རེར་བཅག་པའི་སྐབས་དེ་དག་ཏུ་ཁྱི་ཕྲུག་དེ་ལ་ཅི་འདྲའི་མ་ཉེས་ཁ་ཡོག་མང་བོ་ཞིག་ཐེབས་ཡོད་ཨང་།           ང་རང་དགའ་ཞེན་ཆེ་ལ་བློ་སྒོ་འབྱེད་པའི་འབྲོག་གི་ཁྱི་རྒན། སེང་གེ་ནག་པོ་དང་འདྲ་བར་གཟི་རྔམ་ཆེ་བའི་ཁྱི་རྒན་དེ་མྱུར་དུ་རྒས་ཤིང་ཡུན་རིང་མ་སོང་བར་ཤི་སོང་། དེ་ཤི་རྗེས་ང་ཡང་གཙང་གསུམ་མགོ་ཁུངས་ཀྱི་རྒྱུན་འདུག་གསར་འགོད་པ་ཞིག་ཏུ་གྱུར། དུས་ཡུན་ལོ་དྲུག་ལ་བསྡད་ཅིང་དེའི་རིང་ལ་ངའི་ཨ་ཕས་ཡུལ་ཤུལ་ནས་འབྲོག་ཁྱི་ཞིག་ཁྲིད་ནས་གྲོང་ཁྱེར་དུ་འཚོ་བ་རོལ་བཞིན་ཡོད་ལ་ངས་ཀྱང་སྔོན་ཆད་ཁྱོན་ནས་མཐོང་མ་མྱོང་ཞིང་མཐོང་འཕྲལ་ང་དང་ཧ་ཅང་སྙིང་ཉེ་བའི་འབྲོག་ཁྱི་མང་བོ་ཞིག་དང་མཉམ་དུ་རྩྭ་ཐང་ནས་འཚོ་བ་རོལ། རྗེས་སུ་ངས་གཞི་ནས་རྟོགས་སོང་། དེ་དག་ནི་ཨ་ཕ་ལ་ཆ་རྒྱུས་ཧ་ཅང་ཡོད་པའི་འབྲོག་ཁྱི་ཡིན་ལ་ངའི་སྟེང་དུ་ཡང་ཨ་ཕ་ནས་བརྒྱུད་བའི་ལྐོག་གྱུར་གྱི་དྲི་མ་དང་བརྡ་རྟགས་གཞན་ཞིག་ཡོད་པས་ཡིན་ནོ།། ~~~~~~~~~~~~~~~~~~~~~~~~~~~~~~~ 作者:杨振军      译:喜马拉雅禾苗 ཧི་མ་ལའི་ལྗང་མྱུག་གིས་བསྒྱུར།