རིག་པ་གཞོན་པའི་དུས་སུ་སློབ།། བ་ནི་དགུན་གྱི་དུས་སུ་གསོ།།

ལྷག་བསམ་འོད་ཀྱི་མཛད་འཕྲིན་ཉི་ཟླའི་གཏོས་དང་མཉམ་པའི་དགེ་བའི་བཤེས་གཉེན་རྣམ་པ།

མཛའ་བརྩེ་གསེར་གྱི་མཐུན་སྒྲིལ་ལྕགས་རིའི་དཔུང་དང་མཉམ་པའི་སྙིང་ཉེ་བའི་སློབ་གྲོགས་ལྷན་རྒྱས།

དཔེ་དེབ་ནི་འགྲོ་བ་མིའི་རིགས་འཕེལ་རྒྱས་ཀྱི་ཐེམ་སྐས་ཡིན་ལ། དཔེ་ཀློག་ནི་མི་ཞིག་གི་མི་ཚེ་ཧྲིལ་བོའི་སློབ་སྦྱོང་གི་གོ་རིམ་ཡིན། དཔེ་དེབ་ཀྱི་ཁྲོད་དུ་སྐྱེས་བུ་དམ་པའི་བློ་གྲོས་ཀྱི་རྩལ་དང་ཤེས་བྱ་ཡི་ཉིང་བཅུད་འཛོམས། དཔེ་ཀློག་གིས་རང་རྒྱུད་ཀྱི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ།དེ་བས། ང་ཚོ་ཆུང་དུས་ནས་དཔེ་ཀློག་ལ་མོས་ཤིང་། དཔེ་ཀློག་ལ་གོམས་པའི་འདུ་ཤེས་ཟབ་མོ་ཞིག་ཆགས་པའི་ཆེད་དུ། ངེད་ལྔ་གཉིས་འཛིན་གྲྭས་ཀྱང་། མེ་ཏོག་ཆུང་རུང་ལྷ་རྫས་དང་། གུར་གུམ་ཆུང་རུང་སྨན་རྫས་ཀྱི་ཚུལ་དུ། དཔེ་ཀློག་མཉམ་རོལ་གྱི་བྱ་འགུལ་ད་ལྟ་དངོས་སུ་མགོ་རྩོམ་རྒྱུ་ཡིན།

ཐེངས་འདིའི་དཔེ་ཀློག་མཉམ་རོལ་བྱ་མཁན་ནི་གཙོས་གྲོང་ཁྱེར་བོད་རིགས་སློབ་ཆུང་གི་ལྔ་གཉིས་འཛིན་གྲྭའི་སློབ་གྲོགས་བན་དེ་མཁར་དང་རྡོ་རྗེ་ཐར། གཙོས་གྲོང་ཁྱེར་སློབ་ཆུང་ལྔ་བའི་ལོ་རིམ་དྲུག་པའི་སློབ་གྲོགས་ཚེ་རིང་བཀྲ་ཤིས་བཅས་ཡིན།

སློབ་གྲོགས་བན་དེ་མཁར་ཡིན་ན་ལོ་ངོ་འདི་དག་གི་རིང་ལ་དགེ་བའི་བཤེས་གཉེན་དམ་པ་རྣམས་ཀྱི་ཐུགས་ཞིབ་མོའི་གསོ་སྐྱོང་དང་རོགས་རམ་འོག་ཏུ་སློབ་སྦྱོང་དང་སྒྲིག་ལམ། མཐུན་སྒྲིལ། སྤྱོད་ལམ་སོགས་ཕྱོགས་གང་ཐད་ནས་ཕུལ་དུ་བྱུང་བར་མ་ཟད། བསྟུད་མར་ལོ་ལྔ་ལ་གསུམ་བཟང་སློབ་མར་བདམས་ཐོན་བྱུང་། གཞན་ད་དུང་། ཁོང་གིས་བྲིས་པའི་ཡིག་གཟུགས་ལ་ཞིང་ཆེན་ཕྱི་ནང་ནས་བྱ་དགའ་ཐོབ་མྱོང་ལ། གངས་རྒྱན་ན་ཆུང་ཚགས་པར་དང་ཀན་ལྷོའི་ཚགས་པར་སྟེང་དུ་འང་བཀོད་མྱོང་བས། སློབ་བུ་ཁོང་ནི་ང་ཚོའི་འཛིན་གྲྭའི་རྒྱན་དང་དྲིན་ཆེན་ཕ་མའི་སེམས་ཀྱི་དྲོད་ཐིག་ཏུ་གྱུར་འདུག ད་དུང་ཁོ་ལ་ཐུན་མིན་གྱི་དགའ་ཕྱོགས་ཤིག་ཡོད་པ་ནི་ནམ་རྒྱུན་སློབ་གསེང་གི་དུས་སྐབས་སུ་དཔེ་ཆ་ཀློག་རྒྱུ་དང་། ཡིག་གཟུགས་འབྲི་སྦྱོང་གི་ལས་ལ་བརྩོན། ཁྱད་ཆོས་དེ་དག་གིས་ཁོའི་སློབ་སྦྱོང་གི་འཚོ་བར་འཇའ་ཚོན་གྱི་རི་མོ་བྲིས་འདུག དུས་དེ་རིང་། སློབ་བུ་བན་དེ་མཁར་གྱིས་རང་གི་དཔེ་ཀློག་གི་གོ་རིམ་ཁྲོད་ནས་རང་ཉིད་ལ་བག་ཆགས་ཆེས་ཟབ་པའི་དཔེ་ཆ་གང་དག་ཡིན་པའི་ཕྱོགས་ཀྱིམྱོང་ཚོར་ང་ཚོ་ལ་མཉམ་རོལ་བྱ་རྒྱུ་ཡིན་པས་ཚང་མས་གསན་རོགས་ཞུ།

སྒང་ལ་བུད་ན་ལྟད་མོ་རིག ། རིག་པ་སྦྱངས་ན་དོན་རྣམས་རྟོགས། །

དཔེ་ཆ་ཀློག་པ་ནི་ང་ཚོའི་མིའི་རིགས་ལ་ཁྱད་པར་དུ་ཡོད་པའི་ལོངས་སྤྱོད་ཅིག་ཡིན། དེ་ལས་དེང་རབས་ཀྱི་དཔེ་ཆ་བཀླགས་ཚེ། དེང་གི་མི་རྣམས་ལ་བསམ་བློ་བརྗེ་རེས་བྱེད་ཐུབ་ལ། གནའ་རབས་ཀྱི་དཔེ་ཆ་བཀླགས་ཚེ། སྔོན་བྱོན་མཁས་པའི་བློ་གྲོས་དང་ཤེས་བྱའི་ཉིང་བཅུད་རྒྱུད་འཛིན་བྱེད་ཐུབ། དེ་བས། དཔེ་ཆ་བཀླགས་ཚེ། མིའི་རིགས་ཀྱི་རིག་གནས་དང་བྱས་རྗེས་མཐའ་དག་ཉམས་སུ་མྱོང་ཐུབ།

དཔེ་དེབ་ཀྱི་ཁྲོད་ན། ང་ཚོའི་མིག་མདུན་དུ་ལྷག་པའི་རྒྱང་རིང་དང་ཡང་དག་པའི་མཛེས་སྡུག་གི་ཞིང་ཁམས་ཡོད་ལ།དཔེ་ཀློག་གིས། ང་ཚོའི་སེམས་ཀྱི་གུར་ཁང་དུ་དཀར་གསལ་གྱི་འོད་སྣང་སྩོལ་ཐུབ། དཔེ་ཆ་ཀློག་པ་དེས་ཁྱོད་ཀྱི་གུ་དོག་པའི་སེམས་ཀྱི་འཁོར་རྒྱ་དེ་ཡངས་པར་གཏོང་བར་མ་ཟད། ཤེས་རབ་ལྡན་ཞིང་ཤེས་བྱས་ཕྱུག་པའི་བསམ་བློའི་འཇིག་རྟེན་ཞིག་ཀྱང་བསྐྲུན་ཐུབ་བོ།།

ཞོལ་ནས་དཔེ་ཀློག་མཉམ་རོལ་བྱ་མཁན་ནི་ང་ཚོའི་འཛིན་གྲྭའི་སློབ་གྲོགས་རྡོ་རྗེ་ཐར་ཡིན།

སློབ་བུ་ཁོ་ཡིན་ན། ནང་གི་བསམ་བློ་དང་ཕྱི་ཡི་ཀུན་སྤྱོད། སློབ་སྦྱོང་དང་སྒྲིག་ལམ།མཐུན་སྒྲིལ་སོགས་ཕྱོགས་གང་ཐད་ནས་ང་ཚོའི་འཛིན་གྲྭའི་མིག་དཔེ་རུ་གྱུར་ཡོད་པ་མ་ཟད། བསྟུད་མར་ལོ་འགའ་ལ་གསུམ་བཟང་སློབ་མར་བདམས་ཐོན་བྱུང་། གཞན་ད་དུང་། ཁོས་བྲིས་པའི་རྩོམ་ཡིག་ལ་གྲོང་ཁྱེར་ཕྱི་ནང་གི་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མྱོང་ལ། གཞན་སློབ་བུ་ཁོ་ནམ་རྒྱུན་སློབ་གསེང་གི་དུས་སྐབས་སུ་རི་མོ་འབྲི་སྦྱོང་དང་དཔེ་ཆ་ཀློག་རྒྱུར་དགའ་བའི་གོམས་གཤིས་ཡག་པོ་ཞིག་ཆགས་ཡོད། དེ་ནི་ང་ཚོ་ཚང་མ་དགའ་འོས་པའི་སྔ་ལྟས་ཤིག་རེད། དེ་བས། སློབ་གྲོགས་རྡོ་རྗེ་ཐར་གྱིས་ཐེངས་འདིའི་དཔེ་ཀློག་མཉམ་རོལ་གྱི་གོ་སྐབས་བརྒྱུད་དེ། ཚང་མར་ཁོའི་དཔེ་ཀློག་གི་མྱོང་ཚོར་བརྗོད་རྒྱུ་ཡིན་པས། ཚང་མས་གསན་གཟིགས་གནང་བར་ཞུ།

འདིར་བཞུགས་ཀྱི་དགེ་སློབ་ལྷན་རྒྱས། མཚམས་འདི་ནས་དཔེ་ཀློག་མཉམ་རོལ་བྱ་མཁན་ནི་གཙོས་གྲོང་ཁྱེར་སློབ་ཆུང་ལྔ་བའི་ལོ་རིམ་དྲུག་པའི་སློབ་མ་ཚེ་རིང་བཀྲ་ཤིས་ཡིན།ཁོ་ནི་དུས་རྒྱུན་གཞན་ལ་རོགས་རམ་བྱེད་པར་དགའ་བར་མ་ཟད།སློབ་གྲོགས་བར་ལ་མཐུན་སྒྲིལ།རྒན་བཀུར་ཆུང་བྱམས་ལྡན་པའི་བྱིས་པ་ཡ་རབས་ཤིག་དང་ལྷག་པར་དུ་བསླབ་པ་དོན་དུ་གཉེར་བའིསློབ་མ་ཞིག་ཀྱང་ཡིན། བསྟུད་མར་ལོ་འགའ་ལ་གསུམ་བཟང་སློབ་མར་བདམས་པ་མ་ཟད།ཁོ་བོ་ཡང་དང་བསྐྱར་དུ་སྙན་ངག་གྱེར་འདོན་སོགས་ཀྱི་འགྲན་བསྡུར་ལ་ཞུགས་ཏེ་བྱ་དགའ་སྣ་མང་ཐོབ་ཅིང་།ལྷག་པར་ཁོས་བྲིས་པའི་རྩོམ་ཡིག་དེ་ཁུལ་ཐོག་དང་གྲོང་ཁྱེར་རིམ་པའི་སློབ་ཆུང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་མྱོང་། གཞན་སློབ་བུ་ཁོ་སློབ་གསེང་གི་དུས་དང་གུང་གསེང་སོགས་ཀྱི་དུས་བེད་སྤྱད་དེ་དཔེ་ཆ་སྣ་ཚོགས་ཀློག་རྒྱུར་གོམས་ཤིང་།དཔེ་ཆ་ཀློག་པ་ནི་ཁོ་བོའི་དགའ་སྣང་ཞིག་ཏུ་གྱུར།དེ་བས།སློབ་གྲོགས་ཚེ་རིང་བཀྲ་ཤིས་ཀྱིས་ཐེངས་འདིའི་གོ་སྐབས་བརྒྱུད་དེ། ཚང་མར་ཁོའི་དཔེ་ཀློག་གི་མྱོང་ཚོར་བརྗོད་རྒྱུ་ཡིན་པས། ཚང་མས་གསན་རོགས་ཞུ།

དཔེ་ཀློག་ནི་འཚོ་བའི་གླུ་སྐད་འདྲེན་སའི་གར་སྟེགས་ཡིན་ལ། དཔེ་ཀློག་ནི་ང་ཚོའི་སང་ཉིན་ལ་བདེ་སྐྱིད་ངོ་མའི་འཕུར་རྩལ་རྒྱས་སུ་འཇུག་མཁན་དེ་ཡིན། དཔེ་ཀློག་ལ་མི་དགའ་བའི་མི་རིགས་དེའི་སང་ཉིན་ནི་བྲན་གཡོག་དང་དབུལ་རྨོངས་རྐྱང་རྐྱང་གི་འཚོ་བ་ཡིན། ང་ཚོའི་ཕྱི་རབས་པར་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱལ་མཚན་བསྒྲེངས་དགོས་ན། དཔེ་ཀློག་བྱེད་པའི་གོམ་སྟབས་སྔར་ལས་འཕེལ་བར་ཤོག

མཐར། མ་ཡུམ་སློབ་གྲྭའི་དགེ་སློབ་ཀུན་གྱི་དཔེ་ཀློག་གི་ཆུ་རྒྱུན་རིང་བར་ཤོག ཤེས་རིག་མཚོ་མོའི་གླིང་དུ་རྒྱུགས་བཞིན་པའི་སློབ་མ་ཀུན་གྱི་ཤེས་རིག་གི་རྣམ་དཔྱོད་གསལ་བར་ཤོག དཔེ་ཀློག་གི་ཕྱུག་པའི་མི་བུ་ཀུན་གྱིས་ལམ་བུ་འོད་སྟོང་འབར་བའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ། །

ལྔ་གཉིས་འཛིན་གྲྭའི་མདོ་འཛིན་པ་ཆུང་ཆུང་པད་མ་ཚེ་རིང་ནི་རྣམ་རིག་རྒོད་ཅིང་རིག་ཚན་སོ་སོའིབསླབ་འབྲས་བཟང་ལ་ཀུན་སྤྱོད་ལེགས་པའི་སློབ་བུ་ཡ་རབས་ཤིག་ཡིན་ལ།གཞན་ཁོ་ལ་ལྷན་སྐྱེས་ཀྱི་སྐད་ངག་ཁྱད་པར་བ་ཞིག་ཡོད་པས་སློབ་རའི་མདོ་འཛིན་འདུན་ཚོགས་ཀྱི་ཚོགས་མིི་དང་སློབ་གསོ་སློབ་ཁྲིད་གཞི་གཅིག་ཅན་གྱི་ཡ་རབས་གུས་ལུགས་ཀྱི་གཏམ་བཤད་འགྲན་བསྡུར་བྱ་འགུལ་ཁྲོད་བྱ་དགའ་ཨང་དང་བོ་ཐོབ་མྱོང་བ་མ་ཟད།དེ་མིན་ད་ལོའི་ཏོག་དབྱིབས་ནད་དུག་སྐབས་སུ་དྲ་ཐོག་ནས་གྱེར་འདོན་བྱས་པའི་ང་ལ་དྲིན་གཟོའི་སེམས་ཤིག་ཡོད་ཅེས་པར་རྒྱ་ཆེ་བའི་དགེ་སློབ་མང་མང་གིས་དགའ་བསུ་ཚད་མེད་དང་གདེང་འཇོག་མཐོན་པོ་ཐོབ་དང་འཐོབ་བཞིན་ཡོད་པའི་གནས་སྐབས་སོ།།

སྤྱི་ཁྱབ་ལྟ་སྐུལ་བ།སྒྲོལ་མ་སྐྱིད།

རྒྱུ་ཆ་མཁོ་འདོན།ལྔ་གཉིས་འཛིན་གྲྭ།

ཇུས་འགོད།བན་དེ་སྐྱིད་བོད་ཡིག་ལས་ཤག