📖的美篇

📖

<h3>ཀ་བཤད་ཀུན་ཕན་མ། ཀྭ་ཡེ་གསོན་དང་གངས་ཅན་བོད་ཡུལ་གྱི།། ཁ་བཏོན་དགེ་ལ་བརྩོན་པའི་རིགས་མཐུན་ཚོགས།། ག་ས་གང་ལ་རིམས་ནད་མཆེད་དུས་འདིར།། ང་ཡིས་ཀུན་ལ་མཐུན་པའི་ཚིག་གསུམ་ཞུ།། ཅ་ཅོ་འུར་ཟིང་ཆེ་བའི་ཁྲོམ་གཞུང་དང་།། ཆ་རྒྱུས་མེད་པའི་ཕྱོགས་ཡོང་མགྲོན་པ་ལ།། ཇ་ཆང་གསོལ་སྟོན་བཤམས་པ་མཚམས་བཞག་ནས།། ཉ་རྒྱས་ཟླ་བཞིན་རང་ཉིད་གཅིག་པུ་སྡོད།། ཏ་ལེན་ཕྲག་ཏུ་ཁུར་བའི་འབྲོག་པ་དང་།། ཐ་མག་ཟུར་འཐེན་བྱེད་པའི་རོང་པ་སོགས།། ད་ལྟའི་དུས་འདིར་ཁྱིམ་ནས་བསྡད་ན་ལེགས།། ན་ཚས་ལུས་པོ་གཙེས་ན་འགྱོད་ཡང་འཕྱི།། པ་ར་ག་ཏའི་གསུངས་ལ་བྱིན་ཆེ་བ།། ཕ་མེས་ཡང་མེས་རིང་ནས་ཤེས་བཞིན་དུ།། བ་གླང་ལྟ་བུའི་ལྟ་ལོག་རེ་འགའ་ཡིས།། མ་རབས་བཤད་ཀྱང་རང་ཚུགས་བརྟན་ན་ལེགས།། ཙ་རི་གནས་ན་བཞུགས་པའི་རྣམ་འབྱོར་དང་།། ཚ་གྲང་ཁྱད་དུ་གསོད་པའི་སྨན་པ་ཡིས།། ཛ་དྲགས་ནད་ཆེད་རང་སྲོག་འབུལ་ཐུབ་ན།། ཝ་འདྲའི་ང་ཚོ་རང་ལུས་སྲུང་ཐུབ་དགོས།། ཞ་ར་མིན་པར་ཀུན་ལ་མིག་ཡོད་པས།། ཟ་རྒྱུ་གང་ཡིན་ཟོས་པའི་རྣམ་སྨིན་གྱིས།། འ་ཅག་འགྲོ་ལ་འདི་འདྲའི་ནད་བྱུང་བས།། ཡ་རབས་ཡིན་ན་རྗེས་ནས་འདི་འདྲ་སྤོངས།། ར་ཤ་ལུག་ཤ་ལྟོ་ཆེད་ཟ་དགོས་ཀྱང་།། ལ་ལུང་རི་སྐྱེས་སྲོག་ཆགས་ཡོད་ཚད་ཀྱི།། ཤ་ཁྲག་ལོངས་སུ་སྤྱད་པས་རྣམ་སྨིན་གྱིས།། ས་སྟེང་མི་ལ་ལས་འབྲས་འཁོར་བ་འདྲ།། ཧ་ཅང་ལབ་ན་དགོས་པ་ཆུང་བའི་ཕྱིར།། ཨ་རོག་ཀ་བཤད་ཀུན་མཐུན་རྩོམ་ཐུང་འདི།། ཧ་ལམ་རང་གིས་རང་ལ་གསལ་འདེབས་ཆེད།། ཨ་གསར་ཞིག་གི་ཚུལ་དུ་བྲིས་བ་དགེ།། ཆོས་ཐང་དབང་མིང་བས་༢༠༢༠.༠༢.༡༣ </h3><h3><br></h3> ཀ་བཤད་ཀུན་མཐུན་