盲人-Kunga Gyatso

Kunga Gyatso

དགུན་ཁ་སླེབས་སོང་། ཕ་ཡུལ་ན་ཁ་བ་འབབ་ཀྱིན་ཡོད་ཚོད་འདུག དཀར་གཙང་གཙང་གི་འཇིག་རྟེན་ན་རྣམ་དག་གི་རང་གཟུགས་སུ་གྲུབ་པའི་གངས་དཀར་ལྷ་མོ་ཡོད་ངེས། ང་ལ་རེ་འདུན་ཞིག་ཡོད་པ་ནི་མཐོ་སྒང་གི་བྲང་གཞུང་ནས་གཡང་གི་ལྷ་མོ་ཁྱེད་རང་མཐོང་རྒྱུ་དེ་ཡིན།

འདུ་འཛི་ནི། དཔྱིད་རླུང་གིས་ལྡེབ་པའི་སྤྲིན་པ་དེ་ཡིན་ཞིང་། སྤྲིན་ཚོགས་ལ་བསམ་གཞིག་གི་སྣང་བརྙན་སྐྲུན་མཁན་དེ་ནི་ཁྱེད་རང་ཡིན། གཡང་གི་བདག་མོ་ལགས། གྲོང་ཁྱེར་གྱི་སྒལ་གཞུང་ན་འཚོ་བཞིན་པའི་ཁྱེད་ཀྱི་རྣམ་ཤེས་གསོན་པོ་ནི་ངའི་ཚེ་སྲོག་གི་རྣོ་སྐུད་ཕྲ་མོ་དེ་ཡིན།

མི་ཚེ་ནི་མེ་འཁོར་གྱི་ལྕགས་ལམ་བཞིན་རིང་དུ་བསྲིངས་ཀྱང་། བགྲོད་ལམ་ལ་དོ་སྣང་བགྱི་མཁན་ཧ་ཅང་ཉུང་བས། འཁྱག་ཤུར་ཤུར་གྱི་སེམས་ངོས་སུ་ལྷ་མོ་ཞེས་པའི་ཐ་སྙད་གསོན་པོ་དེ་གཡོ་བ་ཧ་ཅང་ཉུང་། ཡིན་ཡང་ཁྱེད་ནི་གཏམ་རྒྱུད་ཀྱི་དཀྱོགས་མཚམས་ཤིག་ཡིན་ན་དྲན་མྱོང་།

ཐ་མག་འཐེན་མཁན་གྱི་མི་ལ་གཏམ་རྒྱུད་ཅིག་ཡོད་ཟེར། ཁོ་བོར་མཚོན་ན་གཏམ་རྒྱུད་ཟེར་བ་ཡིད་ལ་འཁོར་མྱོང་རུང་། གླེང་རིན་ཡོད་པའི་ཁ་བྱང་ཞིག་གཏན་ནས་མི་འདུག དེ་བས་ལོ་ཟླ་ལགས་དགོངས་པ་མ་བཞེས་རོགས།

ས་རུབ་ཁར། མུན་ནག་གིས་ང་ལ་ཉེན་བརྡ་གཏོང་ཡོང་། ཡིན་ན་ཡང་། གཉིད་མི་ཡོང་བ་གཤིས་སུ་གྲུབ་ཡོད་པས། ངས་ཡུན་རིང་ཞིག་ལ་དཔེ་ཀློག་བགྱི་མྱོང་ལ། ཀློག་བརྙན་བལྟ་མྱོང་། གཡང་གི་བདག་མོ། སྐར་ཚོགས་ཀྱི་ངོགས་སུ་ཁྱེད་ཀྱི་ཟུར་མིག་འཁོར་ནས་བཟུང་། ངའི་ནུབ་མོར་དོན་སྙིང་གཞན་ཞིག་མཆིས།